མཚོ་སྔོན་གྱིས་མི་རིགས་སྨན་རྫས་སྔར་ལས་མང་བོ་སྨན་བཅོས་འགན་སྲུང་ཁྲོད་བཞག
2023.10.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ10པའི་ཚེས25ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་མི་རིགས་སྨན་རྫས་ལས་དོན་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་གཏོང་བ་དང་། སྨན་ཁང་ནང་ཁུལ་ནས་བཟོས་པའི་སྨན་དང་མི་རིགས་སྨན་རྫས་སྔར་ལས་མང་བོ། ལྷག་པར་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ལས་གཞི་སྨན་བཅོས་འགན་སྲུང་ཁྲོད་བཞག་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་སྣ་མང་རང་བཞིན་གྱི་དགོས་མཁོ་བསྐངས།

མི་རིགས་སྨན་རྫས་ཀྱིས་ནད་པར་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་པའི་སྨན་སྤྱོད་ཕྱོགས་ནས་སྨན་ཁང་ནང་ཁུལ་ནས་བཟོས་པའི་སྨན་སྨན་བཅོས་འགན་སྲུང་ཁྲོད་བཞག་པ་དང་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་རིགས་དང་སོག་རིགས་ཀྱི་སྨན་བཅོས་སྡེ་ཁག་གིས་བཟོས་པའི་སྨན་རྫས་དཀར་ཆག་སྒྲིག་ནས་བོད་རིགས་དང་སོག་རིགས་ཀྱི་སྨན་བཅོས་སྡེ་ཁག་གི་སྨན་ཁང་ནང་ཁུལ་ནས་བཟོས་པའི་སྨན་སྣ་བཞི་བརྒྱ་གོ་གཉིས་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཁྱབ་ཁོངས་ཁྲོད་བཞག་པ་དང་ཞིང་ཆེན་ཡོངས་ཀྱི་བོད་རིགས་དང་སོག་རིགས་ཀྱི་སྨན་བཅོས་སྡེ་ཁག་གི་དངོས་བཅོས་ཁྲོད་རྒྱུན་སྤྱོད་ཀྱི་བཟོས་སྨན་ཕལ་ཆེར་དེའི་ཁྲོད་འདུས་ཡོད། དེ་དང་མཉམ་དུ་ཀྲུང་ལུགས་ཀྱི་སྨན་ཉིས་བརྒྱ་དང་གཉིས་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བཞག་པ་དང་། སྨན་བཅོས་ལྟ་སྐུལ་སྡེ་ཁག་གིས་ཆོག་མཆན་བཀོད་པའི་སྨན་སྣ་ཆིག་སྟོང་བརྒྱ་དང་དོན་བརྒྱད་སྨན་བཅོས་འགན་སྲུང་དངུལ་སྤྲོད་ཁྱབ་ཁོངས་ཁྲོད་བཞག

རང་ཞིང་གིས་ད་དུང་མི་རིགས་སྨན་རྫས་སྔར་ལས་མང་བོ་སྨན་བཅོས་འགན་སྲུང་ཁྲོད་འཇོག་རྒྱུ་ཡིན་པ་དང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་རང་རེའི་ཞིང་ཆེན་ཀྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ཁྲོད་ཀྱི་མི་རིགས་སྨན་རྫས་དག་སྒྲིག་བྱས་ཏེ། སྨན་བཅོས་འགན་སྲུང་སྲིད་ཇུས་དང་འཚམ་པའི་མི་རིགས་སྨན་རྫས་རང་ཞིང་གི་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་བཞག་སྟེ། རྒྱལ་ཁབ་སྨན་བཅོས་འགན་སྲུང་དཀར་ཆག་ཁྲོད་ཀྱི་མི་རིགས་སྨན་རྫས་སྣ་གོ་དྲུག་གི་རྨང་གཞིའི་སྟེང་སྣ་དྲུག་ཅུ་ཁ་སྣོན་བྱས་པ་དང་ཁྱོན་སྡོམ་མི་རིགས་སྨན་རྫས་སྣ་བརྒྱ་དང་ང་དྲུག་རང་ཞིང་གི་སྨན་བཅོས་འགན་སྲུང་ཁྲོད་བཞག ད་ཡོད་ཀྱི་ཀྲུང་ལུགས་སྨན་རྫས་བརྒྱད་བརྒྱ་གོ་གཉིས་ཀྱི་རྨང་གཞིའི་སྟེང་དངོས་བཅོས་དགོས་མཁོ་དང་དངུལ་རྩས་ཐེག་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་བོད་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་སྨན་རྫས་སྣ་བརྒྱ་དང་ལྔ་བཅུ་བསལ་ནས་སྨན་བཅོས་འགན་སྲུང་དངུལ་སྤྲོད་ཁྱབ་ཁོངས་སུ་བཞག 

 བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ལས་གཞི་སྨན་བཅོས་འགན་སྲུང་ཁྲོད་བཞག་སྟེ། སྨན་བཅོས་ནུས་པ་མངོན་གསལ་ཡིན་པ་དང་ནད་པས་དང་ལེན་བྱེད་པ། ཁྱད་ཆོས་འདོན་སྤེལ་བྱེད་པ། ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ལས་གཞི་ལ་དག་སྒྲིག་བྱས། མིག་སྔའི་བར་དུ་རང་ཞིང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ལས་གཞི་སྣ་ཉིས་བརྒྱ་དང་གྱ་གཅིག་ཁྲོད་ཀ་རིགས་ཀྱི་ལས་གཞི་བརྒྱ་དང་སོ་ལྔ་དང་ཁ་རིགས་ཀྱི་ལས་གཞི་གོ་ལྔ། རང་གིས་རིན་སྤྲོད་པའི་རིགས་ང་གཅིག་བཅས་ཡོད་ལ། སྨན་བཅོས་འགན་སྲུང་ཁྲོད་བཞག་ཚད82%ལ་སླེབས། བོད་ལུགས་གསོ་རིག་དང་སོག་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ལས་གཞི་སུམ་བརྒྱ་རེ་དྲུག་ཁྲོད་ཀ་རིགས་ཀྱི་ལས་གཞི་བརྒྱ་དང་དོན་ལྔ་དང་ཁ་རིགས་ཀྱི་ལས་གཞི་བརྒྱ་དང་ང་དགུ། རང་གིས་རིན་སྤྲོད་པའི་ལས་གཞི་སོ་བཞི་བཅས་ཡོད་ལ། སྨན་བཅོས་འགན་སྲུང་ཁྲོད་བཞག་ཚད91%ལ་སླེབས།

མི་ཕམ་མགོན་པོས་བསྒྱུར།