མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་གསུམ་རྒྱལ་ཡོངས་ཞིང་སྡེའི་དྲོད་སྐྱིད་སློབ་ར་འཛུགས་སྐྲུན་གྱི་དཔེ་སྟོན་དཔེ་གཞིའི་མིང་ཐོའི་ཁྲོད་ཚུད།
2023.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སྐོར་ཁག་ལྔ་པའི་ཞིང་སྡེའི་དྲོད་སྐྱིད་སློབ་ར་བརྒྱ་འཛུགས་སྐྲུན་གྱི་དཔེ་སྟོན་དཔེ་གཞིའི་སློབ་གྲྭའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་སློབ་ཆུང་གཉིས་པ་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཅཱ་ཝན་སློབ་གྲྭ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནུབ་རྒྱུད་མི་རིགས་སློབ་འབྲིང་བཅས་མིང་ཐོའི་ཁྲོད་ཚུད།

ཞིང་སྡེའི་དྲོད་སྐྱོད་སློབ་ར་འཛུགས་སྐྲུན་གྱི་དཔེ་སྟོན་དཔེ་གཞི་དཔྱད་འདེམ་བྱེད་རྒྱུ་ནི། སློབ་གསོ་པུའུ་ཡིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་། ཆུང་ཞིང་མཛེས་པ་དང་ཆུང་ཞིང་ལེགས་པའི་ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཁོར་ཡུག་མཛེས་པ། བདེ་འཇགས་སྤྲོ་སྐྱིད་ཀྱི་ཡུལ་གྲོང་གི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱས་ནས། ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

རང་ཞིང་གིས་ཚན་སློབ་ཀྱིས་ཞིང་ཆེན་དར་སྤེལ་གཏོང་བ་དང་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སློབ་གསོ་འཕེལ་རྒྱས་སུ་གཏོང་བ་གཙོར་འཛིན་པ་འབུར་ཐོན་གོ་གནས་སུ་བཞག་ལ། ཉམས་ཞན་ས་ཕྱོགས་ཡོངས་ནས་བཅོས་སྒྱུར་བྱེད་པ་དང་སློབ་གསོ་དེང་རབས་ཅན་གྱི་སྐུལ་སྤེལ་བཟོ་སྐྲུན་སོགས་སློབ་གསོ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། མ་དངུལ་གཏོང་ཤུགས་ཆེར་བསྐྱེད་པ་དང་། གཙོ་བོར་ཞིང་སྡེ་འབྲོག་ཁུལ་དང་ལྷག་པར་དུ་ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་དང་སློབ་སྒྲུབ་ཁོར་ཡུག་ལེགས་སྒྱུར་བྱས་ནས། སློབ་ར་འཛུགས་སྐྲུན་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་བ་དང་། ཞིང་སྡེའི་སློབ་ལོ་རན་པའི་བྱིས་པ་ཐག་ཉེ་ས་ནས་སློབ་གྲྭ་བཟང་བོར་ཞུགས་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱས་ལ། ཞིང་སྡེའི་བྱིས་པས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་ཐུབ་པར་ཁག་ཐེག་བྱས།

རྒྱལ་ཡོངས་ཀྱི་ཞིང་སྡེའི་དྲོད་སྐྱིད་སློབ་ར་བརྒྱ་འཛུགས་སྐྲུན་བྱེད་པའི་སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པ། སྐོར་ཐེངས་གསུམ་པ། སྐོར་ཐེངས་བཞི་པའི་དཔེ་སྟོན་དཔེ་གཞིའི་རང་ཞིང་གི་མིང་ཐོའི་ཁྲོད་ཚུད་པའི་སློབ་གྲྭ་སྙན་ཞུ་བྱེད་པའི་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་སློབ་གསོ་ཐིན་གྱིས་ས་ཆ་སོ་སོའི་འཛུགས་སྐྲུན་འཕེལ་རྒྱས་དང་མཛུབ་སྟོན་བྱེད་ཤུགས་ལ་སྔར་ལས་ཤུགས་བསྣན་པ་དང་། ཞིང་སྡེའི་དྲོད་སྐྱིད་སློབ་ར་འཛུགས་སྐྲུན་བྱེད་པ་རྒྱུན་མཐུད་ངང་ཁྱབ་གདལ་དུ་བཏང་བར་མ་ཟད། བཀོད་སྒྲིག་འཛུགས་སྐྲུན་ཐད་ནས་ཚན་རིག་ལུགས་མཐུན་དང་སློབ་སྒྲུབ་ཆ་རྐྱེན་གྱི་འགན་སྲུང་བཟང་བ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཅུང་མཐོ་བ། སློབ་རའི་རིག་གནས་བདེ་ཐང་ཡར་ཐོན། སློབ་རའི་འབྲེལ་བ་འཆམ་མཐུན་ཡིན་པ། སློབ་རའི་དོ་དམ་བདེ་འཇགས་ཚད་ལྡན་གྱི་རྩ་དོན་ལྟར། ཞིང་ཆེན་ནང་ཁུལ་གྱི་དཔྱད་འདེམས་སྤེལ་ནས། གོང་གསལ་གྱི་སློབ་གྲྭ་གསུམ་བདམས་ནས་སློབ་གསོ་པུའུ་ཡི་དཔྱད་འདེམས་ཁྲོད་ཞུགས།

རིན་ཆེན་མཚོས་བསྒྱུར།