ད་ལོར། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་རང་སྐྱོང་རྫོང་གིས་བྱེད་ཕྱོགས་འཛུགས་སྐྲུན་ཤུགས་དྲག་ལོའི་བྱ་འགུལ་སྤེལ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ། སློབ་གསོའི་མ་ལག་ཁྲོད་ཀྱི་འབུར་ཐོན་གནད་དོན་ཆེད་དུ་བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ཤིང་། སློབ་གསོའི་ལས་རིགས་ཀྱི་འབུར་ཐོན་གནད་དོན་ནན་ཏན་གྱིས་བཅོས་སྐྱོང་བྱས་པར་མ་ཟད། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་ལས་རིགས་དམ་སྲུང་བྱེད་པར་སློབ་གསོ་བཏང་ཞིང་སྣེ་ཁྲིད་བྱས་པ་དང་། དགེ་རྒན་གྱི་སྤྱོད་བཟང་དར་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
མིན་ཧི་རྫོང་གིས་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་བཅོས་སྐྱོང་བྱ་ཡུལ་བཅུ་གསུམ་ལ་དམིགས་ཏེ། ཇུས་གཞི་གཏན་འབེབས་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཤིང་། རྫོང་ཡོངས་ཀྱི་རིགས་སོ་སོའི་སློབ་གྲྭ་དང་། སློབ་ཁྲིད་ས་ཚིགས། བྱིས་སྐྱོང་ཁང་སོགས་ཡོངས་ཁེབས་རང་བཞིན་གྱི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ། རྫོང་སློབ་གསོ་ཅུའུ་ཏང་ཙུའུ་ཡིས་རང་འགུལ་གྱིས་འགན་འཁྲི་ཁུར་བ་དང་། ལས་བགར་ཞིབ་ཚགས་བྱེད་པར་ལྟ་ཞིབ་བྱས་ནས། ཆེད་དོན་བཅོས་སྐྱོང་བྱ་བར་སྤུས་ཚད་མཐོན་པོས་སྐུལ་འདེད་དང་། སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས། དོ་དམ་པ་གཙོ་བོས་འགན་གཙོ་བོ་ཁུར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྫོང་སློབ་གསོ་ཅུའུ་ཏང་ཙུའུ་ཡིས་ཆབ་སྲིད་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ་དང་། ཆེད་དོན་བཅོས་སྐྱོང་གི་འགན་གཙོ་བོ་ཁུར་བར་སྐུལ་འདེད་བཏང་། དུས་ལྟར་རྩ་འཛུགས་བྱས་ཏེ་ཆེད་དོན་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པར་མ་ཟད། གནད་དོན་ཤེས་རྟོགས་བྱེད་པར་ལྟ་སྐུལ་དང་སློབ་གསོ་ཅུའུ་ཡི་མགོ་ཁྲིད་ཚན་ཁག་དང་ཐུན་མོང་གླེང་མོལ་བྱེད་པ་ཟུང་འབྲེལ་བྱས་ཏེ། འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་ཚད་སྔར་ལས་ཇེ་དམ་དུ་བཏང་།
དུས་མཉམ་དུ། ལས་བྱེད་པས་རང་སྐྱོན་རང་བཤེར་བྱེད་པ་དང་། ལས་གྲོགས་ཕན་ཚུན་བར་ཞིབ་བཤེར་བྱེད་པ། རྩ་འཛུགས་འཐེན་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཁྱབ་ཁོངས་ཡོངས་ནས་རང་བཤེར་རང་བཅོས་བྱས་ཏེ། རིགས་མི་འདྲ་བའི་གནད་དོན་བརྒྱ་དང་གྱ་དྲུག་རྩད་ཆོད་པ་དང་། གནད་དོན་ཡང་དག་དང་གནད་དོན་ངོ་མ་རྙེད་པར་བྱས། རང་འགུལ་གསལ་བཤད་ཀྱི་བརྡ་སྦྱོར་ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་དགེ་རྒན་ལས་བཟོ་བས་སྲིད་ཇུས་ཁོང་དུ་ཆུད་པ་དང་། བསམ་བློའི་དོགས་གཞི་སེལ་ནས། དུས་ལྟར་ཡོ་སྲང་བཅོས་སྒྱུར་བྱེད་པར་རོགས་རམ་བྱས། དགེ་སློབ་ལ་གནས་ཚུལ་འདྲི་བ་དང་། རྒྱུ་ཆར་ཞིབ་བཤེར་བྱེད་པ། སློབ་གྲྭར་བསྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དེ་འབྲེལ་གྱི་བྱ་བ་གང་མང་བསྒྲུབས། ཏང་སྲོལ་རྒྱལ་ཁྲིམས་དང་། ལས་རིགས་ཀུན་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དེ་ཐུན་མོང་སློབ་སྦྱོང་དང་རང་འགུལ་སློབ་སྦྱོང་ཁྲོད་ཀྱི་མེད་དུ་མི་རུང་བའི་སློབ་ཚན་བྱས་ཏེ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་འགུལ་སྤེལ།
རིག་འཛིན་སྒྲོལ་མས་བསྒྱུར།