མཚོ་སྔོན་གྱིས་དབུལ་ཐར་མི་གྲངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་བར་གཅིག་འདོམས་བྱས།
2023.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ10པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་ཀྱི་རྩལ་ནུས་གསོ་སྦྱོང་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ་དང་། གསོ་སྦྱོང་ལས་ཞུགས་བྱེད་ཚད་དང་འཛིན་བྱང་ལེན་ཚད་སྔར་ལས་མཐོར་འདེགས་གཏོང་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གསོ་སྦྱོང་ལས་གཞིའི་གཅིག་འདོམས་སྒྲིག་སྦྱོར་བཟང་བོ་བྱེད་པ་དང་གསོ་སྦྱོང་དགོས་མཁོའི་བརྟག་བཤེར་གཏིང་ཟབ་ཏུ་སྤེལ་བ་དང་། དགོས་མཁོ་ཆེ་བའི་རྩ་འཛུགས་གསོ་སྦྱོང་ལ་སྦྲེལ་མཐུད་བྱེད་པ། གསོ་སྦྱོང་གདེང་འཇོག་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། དྲིལ་སྒྲོག་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པའི་བྱེད་ཐབས་ལྔ་ཕྱིར་བཏོན་པར་མ་ཟད། དབུལ་ཐར་མི་གྲངས་ཀྱི་ལས་རིགས་གསོ་སྦྱོང་ལས་གཞིའི་རྩིས་ཐོ་ཁྱབ་བསྒྲགས་བྱས་ལ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། དབུལ་ཐར་མི་གྲངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་བར་སྐུལ་འདེད་གཏོང་བར་གཅིག་འདོམས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཐར་མི་གྲངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་བ་དེ་ལོ་རེའི་ལོ་སྟོད་དུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་འགོ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཁག་གི་དབུལ་ཐར་མི་གྲངས་ཀྱི་གསོ་སྦྱོང་ལས་གཞི་ལ་སྒྲིག་སྦྱོར་བྱས་ནས། རྫོང་གཅིག་ལ་རེའུ་མིག་གཅིག་གི་རེ་བ་ལྟར། དབུལ་ཐར་མི་གྲངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་གཞིའི་རྩིས་ཐོ་གཅིག་གྱུར་གྱིས་འཛུགས་སྐྲུན་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས་པ་དང་། ས་ཆ་སོ་སོའི་གསོ་སྦྱོང་ལས་འགན་ཇེ་ཞིབ་ཏུ་བཏང་བ་དང་བགོ་བཤའ་བྱས་ནས། ལས་ཞུགས་གསོ་སྦྱོང་གི་འདོད་བློ་ཡོད་པའི་དབུལ་ཐར་མི་གྲངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ཡོངས་སུ་ཁེབས་པར་བྱས། ལོ་མཇུག་ཏུ། རྣམ་པ་མང་བ་དང་ཕྱོགས་ཡོངས་ནས་དབུལ་ཐར་མི་གྲངས་ཀྱི་ད་ཡོད་རྩལ་ནུས་དང་ལས་ཞུགས་གནས་ཚུལ། གསོ་སྦྱོང་འདོད་བློ་སོགས་ཆ་འཕྲིན་དང་དགོས་མཁོ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འབྲེལ་ཡོད་ཀྱི་ཡིག་ཚགས་རྒྱུ་ཆ་བཙུགས་པར་མ་ཟད་འཐུས་ཚང་དུ་བཏང་ལ། མཐིལ་རྟོགས་བརྟག་བཤེར་གྱི་གཞི་གྲངས་ཆ་འཕྲིན་བདེན་པ་དང་ཡང་དག་པ་དང་། དགོས་མཁོ་དང་འདོད་བློ་ལུགས་མཐུན་ཞིབ་ཕྲ་ཡིན་པར་ཁག་ཐེག་བྱས་ནས། དམིགས་ཡུལ་ཅན་དང་ཕྱོགས་ངེས་ཅན་གྱི་གསོ་སྦྱོང་ཐད་རྨང་གཞི་བརྟན་པོ་བཏིངས།

དེ་དང་མཉམ་དུ། དབུལ་ཐར་མི་གྲངས་ཀྱི་གསོ་སྦྱོང་འདོད་བློ་དང་ཐོན་ལས་ཚོང་རའི་དགོས་མཁོ་གཉིས་ཟུང་འབྲེལ་བྱས་ནས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་མཐུན་པ་དང་། དབུལ་ཐར་མི་གྲངས་རང་གཤིས་ཅན་དང་བར་ཁྱད་ཅན་གྱི་གསོ་སྦྱོང་དགོས་མཁོ་སྐོང་བའི་སྤུས་ལེགས་གསོ་སྦྱོང་ལས་གཞི་གསར་སྐྲུན་བྱས་པ་དང་། རེབ་གོང་གི་ཐང་ཀའི་སྒྱུ་རྩལ་དང་མཚོ་སྔོན་གྱི་གཙག་དྲུབ་སོགས་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་དང་མཚོ་སྔོན་གྱི་འཐེན་ཐུག འཕང་འབྲས་བཏོག་པ་སོགས་ཀྱི་ངལ་རྩོལ་ཚོང་རྟགས་གྲགས་ཅན་འབུར་དུ་ཐོན་པར་བྱས་ལ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེར་བསྐྱེད་པར་མ་ཟད། རང་ཞིང་གི་གསར་དར་ཐོན་ལས་དང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ། ལས་ཞུགས་ལས་སྐྲུན་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ། ཆེད་དོན་ལས་རིགས་ནུས་པ་དཔྱད་ཞིབ་ཚད་ལྡན་དུ་བསྒྱུར་བ་དང་། ཞིང་ཆེན་གྱི་ཆེད་དོན་ལས་རིགས་ནུས་པ་དཔྱད་ཞིབ་ལས་གཞིའི་དཀར་ཆག་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་པ་དང་འགུལ་རྣམ་ལེགས་སྒྲིག་བྱས། དབུལ་ཐར་མི་གྲངས་གསོ་སྦྱོང་རྗེས་སུ་ལས་རིགས་རྩལ་ནུས་གདེང་འཇོག་དང་ཆེད་དོན་ལས་རིགས་ནུས་པའི་དཔྱད་ཞིབ། ལས་རིགས་ལས་ཞུགས་ཐོབ་ཐང་འཛིན་ཡིག་ལེན་པར་སྐུལ་སློང་བྱས་ནས། དབུལ་ཐར་མི་གྲངས་གསོ་སྦྱོང་བྱས་རྗེས་འཛིན་ཡིག་ལེན་ཚད་བརྒྱ་ཆའི་བཞི་བཅུའི་ཡན་དུ་སླེབས་པར་བྱས།

རིན་ཆེན་མཚོས་བསྒྱུར།