མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
2023.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཀོད་སྒྲིག་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། 2021ལོར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་རྒྱུ་བཟོ་སྐྲུན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ལ། ལྗོངས་རྒྱུ་ཁུལ་དང་ཡུལ་སྐོར་སྤུས་ལེགས་ལམ་ཐིག གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་མཐོར་འདེགས་བཟོ་སྐྲུན་བརྟན་བརླིང་ངང་ལག་བསྟར་བྱས་པས། མཚོ་བྱང་གི་ཁྱད་ལྡན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

མཚོ་བྱང་གིས་ཞིང་ཆེན་ཡོངས་ནས་སྔོན་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ཡོངས་ཡུལ་སྐོར་སྐུལ་སྤེལ་སྲོལ་ཡིག་ཁྱབ་བསྒྲགས་བྱས། འཕེལ་རྒྱས་ཀྱི་རེ་བ་གསར་བ་ལྟར། སྔ་གཞུག་ཏུ་མཚོ་བྱང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་གྱི་འཆར་འགོད་དང་མཚོ་བྱང་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི། མཚོ་བྱང་ཁུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་སླར་གསོ་གོང་འཕེལ་གཏོང་བའི་བྱེད་ཐབས་བཅུ། མཚོ་བྱང་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བྱེད་ཐབས་ཉི་ཤུ་བཅས་གཏན་འབེབས་བྱས་ནས། མཚོ་བྱང་གི་ཁྱད་ལྡན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་ཆེད་ཤུགས་དང་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

ཉེ་བའི་ལོ་གཉིས་རིང་ལ་ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་ཆེད་དོན་སྣེ་ཁྲིད་མ་དངུལ་དང་ཀྲུང་དབྱང་གི་སྤྱི་ཐུན་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་མ་དངུལ་བཅས་བསྡོམས་པས་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག་བརྩོན་ལེན་བྱས་ནས། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས། མིག་སྔར། བསྡོམས་པས་ལས་གཞི་ཞེ་གཉིས་མུ་མཐུད་དང་ཡང་ན་གསར་དུ་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་སྟེ། རྨང་གཞིའི་སྒྲིག་ཆས་ཞབས་ཞུའི་ཆུ་ཚད་ཕན་ནུས་ཡོད་པའི་སྒོ་ནས་ཇེ་མཐོར་སོང་།

ད་ལོར། སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་སྒྲིག་བཟོ་བྱས་པ་བརྒྱུད་དེ། མཚོ་སྐོར་བྱང་འགྲམ་གྱི་མཛེས་ལྗོངས་ལྟ་སྟེགས་དྲུག་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱས།

མིག་སྔར། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཉིས་དང་། ཞིང་ཆེན་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསུམ་འཛུགས་སྐྲུན་བྱས་པ་དང་།  ཀ་རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བཅུ་བཞི་དང་། གསེར་དངུལ་ཐང་ཉིང་རྡུལ་མཁར་གྲོང་ལྗོངས་རྒྱུ་ཁུལ་ཀ་ལྔའི་རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་གྱི་མིང་ཐོའི་ཁྲོད་བཞག་པ་དང་། རྒྱལ་ཁབ་རིམ་པའི་དམར་པོའི་ཡུལ་སྐོར་དཔེ་སྟོན་ལྗོངས་རྒྱུ་ཁུལ་གཅིག་དང་། ཞིང་ཆེན་རིམ་པའི་དམར་པོའི་ཡུལ་སྐོར་དཔེ་སྟོན་ལྗོངས་རྒྱུ་ཁུལ་གཉིས། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་ལྔ། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་ཉེར་དགུ། སྐར་མ་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་ས་བརྒྱ་དང་གཅིག རྒྱལ་ཁབ་རིམ་པའི་ཡུལ་སྐོར་དམངས་སྲོལ་མགྲོན་ཁང་གཅིག་སོགས་འཛུགས་སྐྲུན་བྱས། རིག་གནས་ཐོན་ལས་ཐད་ཀྱི་ཡོང་སྒོ2012ལོའི་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་སྟོང་ལྔ་ནས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་ལ་འཕར་སྣོན་བྱུང་བ་དང་། ཡུལ་སྐོར་ཡོང་སྒོ2012ལོའི་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ནས་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་བཞི་ས་ཡ་བདུན་ལ་འཕར་སྣོན་བྱུང་།

རིན་ཆེན་མཚོས་བསྒྱུར།