གསར་འགོད་པས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་དགུ་དང་གྲོང་སྡེ་སོ་གསུམ་སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་དང་གྲོང་སྡེ་གྲགས་ཅན་དུ་བདམས།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་རུ་སེར་གྲོང་རྡལ་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་གྲོ་ཚང་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐེན་གྲོང་རྡལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བའི་ཞི་ཐིས་ཧྲན་གྲོང་རྡལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་པའོ་ཨན་གྲོང་རྡལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་བཅས་གྲོང་རྡལ་དགུ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་གྲགས་ཅན་གྱི་གྲས་སུ་བདམས།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་ཐུའུ་མིན་ཀོན་ཡུལ་ཚོའི་རྒྱ་རྫོང་གྲོང་སྡེ་དང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་གྱི་ཧོང་མ་གྲོང་སྡེ། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོའི་ཧོང་ཀོང་གྲོང་སྡེ་གོང་མ། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོའི་ཉིན་པ་གྲོང་སྡེ། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་གཉན་ཐོག་ཡུལ་ཚོའི་གཉན་ཐོག་གྲོང་སྡེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མགྲོན་མདའ་ཡུལ་ཚོའི་དོམ་མདའ་གྲོང་སྡེ། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ཤེའུ་གྲོང་རྡལ་གྲུ་མདའ་གྲོང་སྡེ། ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ཉག་ལ་ཡུལ་ཚོའི་ལྡོམ་རེའི་མདོ་གྲོང་སྡེ་སོགས་གྲོང་སྡེ་སོ་གསུམ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་སྡེ་གྲགས་ཅན་དུ་བདམས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་མཁར་གྲོང་དང་གྲོང་གསེབ་ཏུ་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་ཁྱད་ཆོས་མངོན་པར་གསལ་བའི་ས་ཁོངས་རིག་གནས་དང་རི་ཆུའི་ཡུལ་ལྗོངས་མཛེས་པའི་སྐྱེ་ཁམས་ཁོར་ཡུག་མང་བོ་ཡོད་ཅིང་། མཁར་གྲོང་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་དང་གྲོང་སྡེ་མིང་གྲགས་ཅན་གྱི་སྲུང་ལམ་མ་ལག་གི་སྲུང་སྐྱོབ་བེད་སྤྱོད་གང་ལེགས་བྱེད་པ་དང་། ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྒྱུན་འཛིན། ཕུལ་བྱུང་ལོ་རྒྱུས་ཀྱི་སྲོག་རྩ་རྒྱུན་འཛིན་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་དང་གྲོང་སྡེ་མིང་གྲགས་ཅན་དག་ལ་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྣ་མང་ཅན་འབུར་ཐོན་དུ་མངོན་ཡོད་པར་མ་ཟད། ས་ཁུལ་གྱི་རིག་གནས་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། མི་རིགས་མང་བོ་མཉམ་འདྲེས་ཀྱི་ཁྱད་ཆོས་བཅས་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།