ཟླ11པའི་ཚེས4ཉིན། རྒྱལ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་དམིགས་བསལ་སློབ་གསོའི་སློབ་གྲྭ་སྟེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་ལས་གྲུབ་དང་སློབ་མགོ་རྩོམ་པའི་མཛད་སྒོ་སྤེལ་ནས་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས། དེ་ལས་རང་ཞིང་གི་ཆེས་མཇུག་མཐའི་ཁུལ་གཅིག་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་མེད་པའི་སྟོང་ཆ་བསྐང་བ་རེད།
མགོ་ལོག་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར་ལས་མགོ་བརྩམས་པ་དང་། སྤྱིའི་མ་དངུལ་བཏང་ཚད་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གཉིས་ཁྲི་གསུམ་ཡིན་ལ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་སྟོང་ལྔ་དང་ཉིས་བརྒྱ་ཞེ་དགུ་ལྷག་ཡོད། དེའི་ནང་ཁམས་གསོ་སྦྱོང་བརྡར་ཁང་དང་། འགུལ་སྐྱོད་སློབ་ཁང་། བརྡ་སྦྱོང་སློབ་ཁང་། མྱོང་རོལ་སྦྱོང་བརྡར་ཁང་སོགས་བྱེད་ནུས་སློབ་ཁང་མང་བོ་ལས་ཡོད་པ་དང་། སྒྲིག་ཆས་ཆ་ཚང་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་པར་ལས་ནས་ཡོངས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། དེའི་རྗེས་སུ་རྨ་སྟོད་ཀྱི་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པ་དང་། ཡང་བསྐྱར་ཉམས་གསོ་བྱས་རྗེས་ཟླ11པའི་ཚེས4ཉིན་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་རེད། མིག་སྔར་དམིགས་བསལ་སློབ་གསོའི་སློབ་གྲྭར་དགེ་བཟོ་པ་བཅུ་དྲུག་ཡོད་པ་དང་། ཆེད་ལས་དགེ་རྒན་དྲུག་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་འོས་འགན་སློབ་གསོའི་སྤྱིའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་གོ་དྲུག་ལྷག་ལ་བསླེབས་ཡོད། ཉིས་སྟོང་ཉི་ཤུ་ལོའི་ཚུན་ལ། མགོ་ལོག་ཁུལ་གྱིས་ཆ་སྙོམས་ལོ་རེར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་ས་ཡ་གཉིས་ཡས་མས་བརྩོན་ལེན་བྱས་ནས། དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཏེ། སློབ་ལོ་རན་པའི་དབང་བོ་སྐྱོན་ཅན་ཚབས་ཆེ་བའི་བྱིས་པའི་ཁྱིམ་དུ་སོང་ནས་སློབ་ཁྲིད་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས་ནས། རིགས་སྣ་ཚོགས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པས་སློབ་གསོ་མྱོང་བའི་དགོས་མཁོ་བསྐངས་པ་རེད། མིག་སྔར་མགོ་ལོག་ཁུལ་དུ་སློབ་གྲྭ་དཀྱུས་མའི་འཛིན་གྲྭར་བསྟུན་ནས་སློབ་སྦྱོང་བྱེད་པ་གཙོ་བྱས་ཤིང་། དམིགས་བསལ་སློབ་གསོའི་སློབ་གྲྭ་རྐང་འཛིན་དུ་བྱས་ནས། ཁྱིམ་དུ་སོང་ནས་སློབ་ཁྲིད་བྱེད་པའི་ཞབས་ཞུ་ཁ་གསབ་ཏུ་བྱས་པའི་དབང་བོ་སྐྱོན་ཅན་གྱི་སློབ་ལོ་རན་པའི་བྱིས་པའི་སློབ་གསོའི་འཕེལ་རྒྱས་རྣམ་པ་ཆགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།