བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བྱེད་པར་སློབ་གསོ་ཐོབ་པ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་འབྲེལ་བ་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ནས། མང་ཚོགས་ཀྱི་རེ་འདོད་ཆེ་ཤོས་དང་དོ་ཁུར་ཆེ་ཤོས། དགོས་གཏུག་ཆེ་ཤོས་བཅས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ། ཏང་ཡོན་སྟོང་བརྒྱད་ལྷག་ཙམ་གྱིས་ལས་རྐང་དུ་ཡོད་པའི་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པའི་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཏང་ཡོན་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞབས་ཞུ་རྒྱ་བསྐྱེད་པ། ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཟམ་མི་ཆད་པར་ཇེ་ཆེར་བཏང་།
“ཐག་ཉེ་ལ་སྟབས་བདེ་ཞིང་དགོས་མཁོ་དང་མཐུན་པ། སྤྱི་ཡོངས་དོ་མཉམ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་མཚོ་ལྷོ་ཁུལ་གྱིས་སྡེ་ཁུལ་མཉམ་སྐྲུན་ཚན་པ་ང་དྲུག་ལེགས་སྒྲིག་བྱས་པ་དང་། སྙན་ཞུ་འབྲེལ་གཏུག་དང་ཆ་འཕྲིན་སྦྲེལ་མཐུད།ནུས་པ་འདོན་སྤེལ། འབྲེལ་མཐུད་ཕྱིར་སྐྱེལ། དང་བླངས་ཞབས་ཞུ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་སྣ་ལྔ་དུས་ཐོག་ཏུ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ལས་རྐང་དུ་ཡོད་པའི་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་གཏན་ཁེལ་ཁ་གསལ་བཟོས་ནས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་ཞབས་འདེགས་ཞུ་བའི་བྱ་བ་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ། མིག་སྔའི་བར་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གི་ཏང་རྩ་འཛུགས་བཞི་བརྒྱ་དང་གཅིག་ཡོད་པ་དང་ལས་རྐང་དུ་ཡོད་པའི་ཏང་ཡོན་སྟོང་བརྒྱད་དང་ཉིས་བརྒྱ་རེ་དྲུག་གིས་སྡེ་ཁུལ་དུ་དང་བླངས་ཞབས་ཞུ་ཐེངས་ཁྲི་གཅིག་དང་སྟོང་གཅིག་ལྷག་ཙམ་བྱས་པར་མ་ཟད། ལས་རྐང་དུ་ཡོད་པའི་ཏང་ཡོན་གྱི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་དྲ་མིག་སྟོང་གཉིས་དང་ཉིས་བརྒྱ་ཉེར་བདུན་བཙུགས་པ་དང་ཆེད་བསྐོས་ལས་འགན་གཅིག་ལྕོགས་སུ་འཁུར་བའི་དྲ་མིག་ཅན་གྱི་དོ་དམ་མི་སྣ་སྟོང་གཉིས་དང་བདུན་བརྒྱ་རེ་གཅིག་བཀོད་སྒྲིག་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་བ་བསྣན་ཡོད།
ལས་རྐང་དུ་ཡོད་པའི་ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ་རང་འགུལ་ངང་སྲིད་ཇུས་སྒྲོག་འགྲེལ་པ་དང་། འགལ་བ་འདུམ་སྒྲིག་པ། མང་ཚོགས་ཀྱི་ཞབས་ཞུ་པ་བཅས་བྱེད་པ་དང་། རང་མོས་ངང་ལས་གནས་འདེམས་པ་དང་ངོས་འཛིན་རྩིས་ལེན་གྱི་ཞབས་ཞུ་བྱེད་པ། སྲིད་ཇུས་སྒྲོག་འགྲེལ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་ལས་དོན་ཕྲན་བུ་སྤེལ་བ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ཏེ། རང་འགུལ་ངང་རོགས་སྐྱོར་བྱེད་པ་དང་རང་འགུལ་ངང་དམ་བཅའ་ལག་བསྟར་བྱེད་པ་སོགས“དོན་དག་ཆུང་གྲས”དྲུག་བརྒྱ་ང་གཉིས་བསྒྲུབ་རྒྱུ་ཁས་ལེན་བྱས་པ་དང་། གཟིགས་སྐྱོང་ཞབས་ཞུ་དང་དམངས་ཕན་དཀའ་སེལ་སོགས་གྲོང་མི་སྟོང་གཅིག་བཞི་བརྒྱ་ང་དྲུག་གི་བསམ་འདུན་ཕྲན་བུ་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱས། “ལས་དོན་ཆུང་ངུ”ལ་སྒྲུབ་འགན་འཁུར་རྒྱུ་དང་།“དོན་དག་ཆུང་ངུ”བསྒྲུབ་རྒྱུ་ཁས་ལེན་པ།“བསམ་འདུན་ཆུང་ངུ”གསལ་སྟོན་བྱེད་པ།“གྲོས་གཞི་ཆུང་ངུ”འཚོལ་སྡུད་བྱེད་པ་བཅས་ཞབས་ཞུ་ཆུང་ངུ་བཞི་ཧུར་ཐག་གིས་སྤེལ་ཏེ། ལས་རྐང་དུ་ཡོད་པའི་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་བྱ་བར་ཕན་འབྲས་ཐོན་པར་བྱས་ཡོད།