མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་འཐབ་ཇུས་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས།
2023.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཤུགས་ཆེན་པོས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་བརྗོད་སྙིང་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྣེ་ཁྲིད་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་འཐབ་ཇུས་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་བློ་འདོན་ཇུས་འབུལ་དང་། གཞུང་ལུགས་གསར་གཏོད། གླེང་ཕྱོགས་སྣེ་ཁྲིད། སྤྱི་ཚོགས་ཞབས་ཞུ། རྒྱལ་སྤྱིའི་མཉམ་ལས་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་ཆེད་རེད།

ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། སོ་སོར་ཚན་རིག་གླིང་དང་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་སློབ་ཆེན། ཚན་ཞིབ་ལས་ཁུངས་བཅས་ཀྱི་མགོ་ཁྲིད་པ་དང་ཆེད་མཁས་པས་གྲུབ་ཡོད། བྱ་བའི་འགན་འཁྲི་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཆེད་བློ་འདོན་ཇུས་འབུལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གནད་དོན་གལ་ཆེན་གྱི་ཞིབ་འཇུག་དང་སྤྱི་བའི་སྲིད་ཇུས་ཀྱི་ཞིབ་འཇུག་བྱ་བ་སྤེལ་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་ལྗིད་མོར་དམིགས་ཏེ། གཏིང་ཟབ་ཏུ་གཞུང་ལུགས་ཞིབ་འཇུག་དང་རྒྱལ་ཁབ་ཕྱི་ནང་གི་ཉམས་མྱོང་བྱེད་ཐབས་གཏིང་ཟབ་ཏུ་དབྱེ་ཞིབ་བྱས་ནས། བརྗེ་རེས་མཉམ་ལས་དང་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་བྱེད་པ། ཆེད་ལས་ཅན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་དངོས་སྤྱོད་ཀྱི་ཐབས་ཇུས་ཐད་བསམ་འཆར་དང་གྲོས་གཞི་འདོན་པ། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་གལ་ཆེན་དང་སྲིད་ཇུས་ལག་བསྟར་བྱས་པའི་གྲུབ་འབྲས་དཔྱད་འཇོག་བྱེད་པར་ཞུགས་ནས། འཆར་འགོད་ལེགས་སྒྲིག་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བའི་གྲོས་གཞི་འདོན་པ། གླེང་ཕྱོགས་སྣེ་ཁྲིད་དང་སྤྱི་ཚོགས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པར་ཞུགས་ནས་སྤྱི་བའི་སྲིད་ཇུས་དང་འཐབ་ཇུས་གནད་དོན་ལ་དྲིལ་སྒྲོག་དང་འགྲེལ་བརྗོད་བྱེད་རྒྱུ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།