ཟླ11པའི་ཚེས11ཉིན། 2023ལོའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་མ་དངུལ་གཏོང་བའི་རྒྱུད་སྒྲོག་དང་བརྗེ་རེས། ཁྱབ་རྡལ་རོགས་སྐྱོར་ལས་གཞི་སྟེ། བོད་ཀྱི་ཟློས་གར་ཆེན་མོ་ཡིད་འཕྲོག་ལྷ་མོའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་ས་གནས18དང་ཐེངས43གྱི་གཟུགས་འབུལ་འཁྲབ་སྟོན་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གངས་ལྷ་མེ་ཏོག་བོད་ཀྱི་ཟློས་གར་འཁྲབ་སྦྱོང་ལྟེ་གནས་སུ་མཇུག་བསྡུས།
རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ8པའི་ཚུན་ལ། བོད་ཀྱི་ཟློས་གར་ཡིད་འཕྲོག་ལྷ་མོའི་ཟློས་གར་ཚོགས་པས་སྔ་གཞུག་ཏུ་མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ། མགོ་ལོག ཡུའུ་ཧྲུའུ་བཅས་རང་སྐྱོང་ཁུལ་ལྔ་རུ་ཐོག་མའི་འཁྲབ་སྟོན་བྱས་པ་དང་། ཟླ10པར་གཙོ་འཁྲབ་ཚོགས་པ་ཡང་བསྐྱར་ཀན་སུའུ་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་དང་རྫོང10ལ་སོང་ནས་སྐོར་ཐེངས་གཉིས་པའི་སྤྱི་ཕན་གཟུགས་འབུལ་འཁྲབ་སྟོན་ཐེངས20བྱས།
རྨ་ལྷོའི་བོད་ཀྱི་ཟློས་གར་ནི་སྐོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་ཁྲོད་ཚུད་པའི་གར་སྟེགས་སྒྱུ་རྩལ་ཅིག་ཡིན། བོད་ཀྱི་ཟློས་གར་ཡིད་འཕྲོག་ལྷ་མོའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ནི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཆོས་རྒྱལ་ནོར་བཟང་གི་ཕྱི་ཚན་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་སྟོད་ལ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་གཞུང་རྩོམ་མཁན་དཔལ་འབུམ་རྒྱལ་གྱིས་ལྷ་མོའི་ཟློས་གར་བཅོས་སྒྲིག་བྱས་པ་ཡིན་ལ། དུས་རབས་གསར་བའི་བོད་ཀྱི་དཔེ་མཚོན་རང་བཞིན་གྱི་ཟློས་གར་འཁྲབ་གཞུང་དུ་གྱུར། 2018ལོར། འཁྲབ་གཞུང་ཚོགས་པས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་འདུ་ཤེས་བཅངས་ནས་སྔར་གྱི་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་ལ་བཅོས་སྒྲིག་བྱས་ནས་ད་ལྟའི་ཡིད་འཕྲོག་ལྷ་མོ་ཞེས་པར་བསྒྱུར་བ་རེད།
མི་ཕམ་མགོན་པོས་བསྒྱུར།