རྨ་ལྷོ་ཁུལ་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་བསྒྱུར།
2023.11.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་རྩ་འཛུགས་ཀྱི་དངོས་སྒྲུབ་ལས་དོན་གཟེངས་སུ་ཐོན་པར་བྱས་ཏེ། བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་ལག་ལེན་འགུལ་སྐྱོད་སྤེལ་ནས། སློབ་སྦྱོང་གྲུབ་འབྲས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་བསྒྱུར།

ཟླ་དགུ་པའི་ཟླ་དཀྱིལ་ནས་བཟུང་། རྨ་ལྷོ་ཁུལ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་ཀྱི་བཙན་རྫོང་དང་། ཏང་ཡོན་གདོང་ལེན་པའི་ལག་ལེན། རང་གི་ལས་གནས་ལ་རང་གིས་འགན་ཁུར་བ། ང་རང་ལས་གནས་སྟེང་ཡོད་ན་ཁྱེད་ཀྱི་སེམས་བདེ་ཆོག་ཅེས་པ་སོགས་ཀྱི་ལག་ལེན་བྱ་འགུལ་རབ་དང་རིམ་པ་གཙོར་བཟུང་སྟེ། ཏང་ཡོན་དཔེ་སྟོན་ཁུལ་དང་། ཏང་ཡོན་འགན་འཁྲི་ཁུལ། བློ་འདོན་ཇུས་འབུལ་དང་། དང་བླངས་ཞབས་ཞུ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རིམ་རྩ་འཛུགས་ཁྲོད་ཀྱི་སྒྲུབ་འདོད་པ་དང་། སྒྲུབ་མཁས་པ། སྒྲུབ་ཐུབ་པ། སྒྲུབ་ནས་འགྲུབ་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་མཐོར་བཏང་ནས། གྲོང་ཁྱེར་སྡོད་དམངས་དང་ཞིང་འབྲོག་མང་ཚོགས་ལ་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཐོབ་པར་བྱས་ཏེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་མྱོང་དུ་བཅུག

རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། རྨ་ལྷོ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སོ་སོས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་སུམ་བརྒྱ་ལྷག་བསྡུ་ལེན་བྱས་ཤིང་། དང་བླངས་ཞབས་ཞུའི་ཏང་ཡོན་ཁྲི་གཅིག་དང་སྟོང་ལྔ་དགུ་བརྒྱ་རེ་གཉིས་ཞུགས་ཏེ། དམངས་ཀྱི་ཆེད་དུ་དོན་དངོས་སུམ་སྟོང་བཞི་བརྒྱ་ལྷག་བསྒྲུབས། དེའི་ཁྲོད། ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོན་སྦྲེལ་མཐུད་ཀྱིས་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བ་དང་། ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པའི་བྱ་འགུལ་གཙོར་བཟུང་སྟེ། ཏང་ཡོན་དཔེ་སྟོན་གྱི་ལས་གནས་སུམ་ཅུ་བཙུགས་པ་དང་། ཏང་ཡོན་འགན་འཁྲིའི་ཁུལ་ཞེ་གཉིས་བགོས་པར་མ་ཟད། འགན་ལེན་ལག་བསྟར་བྱ་བ་བརྒྱ་དང་ཉེར་བཞི་ཡོངས་བསྒྲགས་བྱས་ནས། ཏང་ཡོན་གྱི་སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཁྲོད་རང་འགུལ་བྱེད་ཕྱོགས་མངོན་པར་བྱས། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱིས་རྐ་ཕུག་སྡེ་བའི་བྱ་ཕོ་ཉིས་སྟོང་དྲུག་བརྒྱ་ང་དྲུག་གི་ཉོ་ཚོང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་སྡེ་དམངས་ལ་ཡོང་སྒོ་སྒོར་ཁྲི་བརྒྱད་ལྷག་འཕར་བར་བྱས། རྩེ་ཁོག་རྫོང་དམངས་གཙོ་ལམ་གཞིས་ཁུལ་གྱིས་ཏང་ཀྲི་པུའུ་དང་ཏང་ཡོན། ཞིང་འབྲོག་ཁྱིམ་ཚང་ཕན་ཚུན་གཅིག་འབྲེལ་གྱི་རྣམ་པར་བརྟེན་ནས། ཏང་ཡོན་གྱི་འབྲེལ་གཏུག་ཁྱིམ་ཚང་དང་ཁོར་ཡུག་བཅོས་སྐྱོང་འགན་འཁྲི་ཁུལ་གྱི་འགན་སྒྲུབ་ལམ་ལུགས་ལག་བསྟར་བྱས་ཏེ། གཞུང་ལམ་གྱི་འགྲམ་རྒྱུད་དང་། སྲང་ལམ། ར་སྐོར། ཁང་བ་སོགས་བཅོས་སྐྱོང་བྱ་བ་ཐེངས་སུམ་ཅུ་ལྷག་སྤེལ་ནས། གད་སྙིགས་ཏུན་ཉི་ཤུ་གཙང་སེལ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།