ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་ཆེད་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་གཏིང་ཟབ་དང་མཐོར་འདེགས་འགུལ་སྐྱོད་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས15ཉིན། མཚོ་སྔོན་ཆུ་གློག་སྡེ་ཚོགས་དང་། མཚོ་སྔོན་ནུས་ཁུངས་སྡེ་ཚོགས། མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྡེ་ཚོགས་བཅས་ཀྱིས་ཐོག་དང་པོར་མཉམ་འབྲེལ་སྒོས་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ཟབ་མོ་བྱེད་པ་བརྗོད་དོན་ཡིན་པའི་འཐབ་ཇུས་གསོ་སྦྱོང་འཛིན་གྲྭ་བསྡུས།
ཐེངས་འདིའི་གསོ་སྦྱོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་དང་ཏང་གི་འཛུགས་སྐྲུན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གཞི་རྩའི་བསྲུང་བྱ་རུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཁྲོད་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་འགྲེལ་ཀློག་བྱེད་པ་གཙོར་བཟུང་སྟེ། མ་ལག་ལྡན་པའི་སྒོ་ནས་རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་མཐོར་འདེགས་འགུལ་སྐྱོད་སྤེལ་བའི་དམིགས་འབེན་དང་། རྩ་དོན། ཐབས་ལམ། ལས་འགན་གལ་ཆེན་བཅས་གསལ་བཤད་བྱེད་པ་དང་། སྤུས་ཚད་མཐོན་པོས་ལས་རིགས་བདག་གཉེར་པའི་འགན་ཡུན་གན་རྒྱ་ཅན་གྱི་དོ་དམ་བླང་བྱའི་བྱེད་ཐབས་དངོས་འབེབས་བྱེད་པ། རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་སྒུལ་ཤུགས་གསར་བ་དང་། བྱེད་ཐབས་གསར་བ་སོགས་ལ་རྒྱུས་ལོན་ཡང་དག་བྱེད་པ་བཅས་ནང་དོན་གཙོ་བོར་བཞག་ཡོད།
ཆིན་ཧྭ་སློབ་ཆེན་གྱི་ཀྲུང་གོ་དེང་རབས་རྒྱལ་གཉེར་ཁེ་ལས་ཞིབ་འཇུག་གླིང་གི་ཞིབ་འཇུག་སྤྱི་ཁྱབ་ལྟ་སྐུལ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཟུར་པ་ཀྲིག་ལིས་ཧྲ་གདན་དྲངས་ནས་སློབ་ཁྲིད་བྱས། ཞིང་ཆེན་སྲིད་གཞུང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་བྱས། གསོ་སྦྱོང་གི་གཙོ་སྙིང་ནི་ཁེ་ལས་སོ་སོའི་འབྲིང་རིམ་ཡན་གྱི་དོ་དམ་མི་སྣ་དང་རྗེས་གྲབས་ལས་བྱེད་པས་སྲིད་ཇུས་དང་ཤེས་བྱ་ཆེས་གསར་བར་སློབ་སྦྱོང་དང་དེ་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་བ་དང་། བསམ་བློ་བཅིངས་འགྲོལ་དང་ལྟ་ཚུལ་བསྒྱུར་བ། གཞུང་ལུགས་བྱང་ཚད་དང་ཁུངས་ལྡན་བསམ་གཞིག ཉེན་ཁའི་འདུ་ཤེས། ཤེས་རྟོགས་ནུས་པ་དང་དངོས་སྒྲུབ་འཇོན་ཐང་བཅས་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་འཆར་འགོད་ཞིབ་ཚགས་བྱེད་པ། འགྲན་རྩོད་ནུས་པ་མཐོར་འདེགས་དང་སྲོག་ཤིང་ནུས་པ་ཤུགས་དྲག་ཏུ་གཏོང་བ་བཅས་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།