ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རང་བྱུང་རིག་གཞུང་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོ་སློབ་རར་བསྐྱོད་པའི་བྱེད་སྒོ་སྐབས་དང་པོའི་མཇུག་བསྡུས་ལ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བདུན་གྱི་དགེ་སློབ་ཉིས་སྟོང་ལྷག་བྱེད་སྒོའི་ཁྲོད་ཞུགས།
བྱེད་སྒོ་ཟླ11པའི་ཚེས1ཉིན་ནས་མགོ་བརྩམས་པའི་ཚུན་ལ། སྔ་གཞུག་ཏུ་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་ཕྱོགས་ཀྱི་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས། མཚོ་སྔོན་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་སློབ་གླིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་མཁས་པ་སོགས་གདན་དྲངས་ནས་མཚོ་སྔོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་ཉེར་གཅིག་པ། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་བདུན་པ་སོགས་སུ་སོང་ནས་རང་བྱུང་སློབ་གསོའི་ཐད་ཀྱི་འཆད་ཁྲིད་བྱས་པ་དང་། སློབ་མ་རྣམས་ལ་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཕྲ་རབ་ཀྱི་ཐོག་མའི་དཔྱད་ཞིབ་ཅེས་པ་དང་མདོ་དབུས་མཐོ་སྒང་གི་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་ཅེས་པ། མདོ་ལ་རི་བོའི་འདབ་ཆགས་ཀྱི་རིགས་ཞེས་པ་སོགས་སློབ་ཁྲིད་བྱས།
སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་དྲ་ལམ་བརྒྱུད་ནས་སློབ་མ་རྣམས་ཀྱི་སྣེ་ཁྲིད་ནས་མཚོ་སྔོན་གྱི་རི་དང་གཙང་བོ། འཁྱགས་དར་གྱི་ཀློང་དུ་ཁྲིད་ནས་མཚོ་སྔོན་གྱི་མཛེས་པ་ཉམས་སུ་མྱངས་པར་མ་ཟད། ལོ་ངོ་སྟོང་ཕྲག་འགའི་སྔོན་གྱི་རྡོ་ཆས་དང་རྫ་ཆས་ལག་རྩལ་གྱི་དངོས་གཟུགས་འགྲེམ་སྟོན་གྱི་རྣམ་པས་མདོ་དབུས་མཐོ་སྒང་གི་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་རྣམ་པར་བལྟས་པ་དང་སློབ་མ་རྣམས་ལ་མཐོང་སྣེ་གསར་བ་ནས་རང་གི་ཕ་ཡུལ་གྱི་རང་བྱུང་གི་མཛེས་པར་རྒྱུས་ལོན་ཡོད་པར་བྱས། བྱེད་སྒོའི་སྐབས་སུ་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སྒྲོག་འགྲེལ་བྱས་ནས་སློབ་རའི་སྐྱེ་ཁམས་ཁྲིམས་སྐྱོང་དྲིལ་སྒྲོག་ལ་ཤུགས་བསྣན་པ་དང་། ན་གཞོན་སློབ་མ་རྣམས་ལ་ཁྲིད་སྟོན་བྱས་ནས་ཆུང་དུས་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཆགས་པར་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ཁྲོད་ཞུགས་སུ་བཅུག་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་ལེན་དུ་བསྟར་བར་སྐུལ་ཁྲིད་བྱས།
མི་ཕམ་མགོན་པོས་བསྒྱུར།