སྤྱི་ཟླ11པའི་ཚེས19ཉིན། ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་རྣམ་ཐར་དང་གསོ་རིག་གསུང་རྩོམ་གཅེས་བཏུས་མཚོ་སྔོན་ཞིང་ཆེན་གནའ་དཔེ་མྱུར་སྐྱོབ་རིགས་ཀྱི་དཔེ་སྐྲུན་ལས་གཞིའི་ཁྲོད་ཚུད་དེ་པར་སྐྲུན་འགྲེམ་སྤེལ་བྱེད་པའི་མཛད་སྒོ་གནའ་མཁར་ཟི་ལིང་དུ་བསྡུས།
ཐེངས་འདིའི་བྱ་འགུལ་མཚོ་སྔོན་ཞིང་ཆེན་གསོ་རིག་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མིང་གྲགས་ཆེ་བའི་གསོ་རིག་དང་རིག་གནས་ཆེད་མཁས་མི་སྣ་མང་པོ་གཞི་གཅིག་ཏུ་འཛོམས་ནས། ངང་རུང་མཁན་ཆེན་མཆོག་གིས་གསོ་བ་རིག་པའི་ཐད་བཞག་པའི་བྱས་རྗེས་དང་། མ་འོངས་རྒྱུན་འཛིན་བྱ་དགོས་སའི་ཐད་བགྲོ་གླེང་གྱ་ནོམ་པ་བྱས་པས། ཚོགས་ར་ཡོངས་སུ་མཁས་བརྒྱས་མཉམ་གླེང་དང་མེ་ཏོག་མཉམ་བཞད་ཀྱི་མཁའ་དབུགས་སྟུག་པོས་ཁྱབ་འདུག
ངང་རུང་མཁན་ཆེན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་ནི་གཅིག་སྟོང་དགུ་བརྒྱ་ཐིག་གསུམ་ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཀ་རྒྱ་སྡེ་བ་རུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་རིག་པའི་གནས་མཐའ་དག་ལ་སྦྱངས་པ་ལྷུར་ལེན་བྱས་ནས། ལྷག་དོན་གསོ་བ་རིག་པའི་སྟེང་ལ་མཁྱེན་པའི་ཡོན་ཏན་རྒྱ་ཆེར་བརྙེས་ཏེ། ཉམ་ཐག་ནད་པ་རྣམས་ལ་སྨན་སྦྱིན་མང་དུ་མཛད་པ་མ་ཟད། རྨ་ལྷོ་ས་ཁུལ་གྱི་རྗེས་རབས་སྨན་པ་རྣམས་ལའང་དངོས་དང་བརྒྱུད་པའི་སྒོ་ནས་གསོ་རིག་ཐད་ཀྱི་མཛད་རྗེས་བླ་མེད་བཞག་ཡོད།
ད་ལྟ་ངང་རུང་མཁན་ཆེན་སྐུ་ཕྲེང་ལྔ་བ་མཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ཕྱག་ཡུལ་གྱི་མི་སྣས་ཀྱང་ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་མ་ཟད། རྒྱུ་ཆ་མང་པོ་འདོན་སྤྲོད་བྱས་པས། འབྲེལ་ཡོད་ཞིབ་འཇུག་མི་སྣ་དག་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཆེན་པོ་རེག་འདུག
ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་དུ་ཆེད་མཁས་མི་སྣ་དང་མང་ཚོགས་བཅས་བསྡོམས་པས་མི་སུམ་བརྒྱ་ལ་ཉེ་བ་ཞུགས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་བོད་གསོ་རིག་འཕེལ་རྒྱས་ཐད་རིག་གཞུང་ཞིབ་འཇུག་གི་སྟོང་ཆ་སྐོང་བ་བཅས་ཀྱི་ཕྱོགས་སུ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཐོན་འདུག