ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩ་ཐོག་མ་སྟེ། མཚོ་སྔོན་ཞིང་ཆེན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཀྱི་སྲིད་གཞུང་དངུལ་གཏོང་ཐེབས་རྩས་ཀྲུང་གོ་དངུལ་འཛིན་དངུལ་གཏོང་ཐེབས་རྩ་ལས་རིགས་མཐུན་ཚོགས་ནས་ཐོ་འགོད་ལེགས་འགྲུབ་བྱུང་བ་དེས། མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་ཐེབས་རྩ་བཙུགས་པ་ལེགས་འགྲུབ་བྱུང་བ་མཚོན་ལ། ཕྱི་ཕྱོགས་དངུལ་གཏོང་གི་ཆ་རྐྱེན་ལྡན་པས། དངོས་སུ་འཁོར་གཉེར་བྱེད་མགོ་བརྩམས་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་ཐེབས་རྩ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་བཏང་ནས་བཙུགས་ཤིང་། མཚོ་སྔོན་ཅིན་ཚའེ་སྒེར་བསྡུས་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་ཟིས་དོ་དམ་པའི་འགན་ཁུར་ཡོད། རྩིས་སྤྲོད་ཁས་ལེན་ཐོབ་ཚད་སྒོར་ཐེར་འབུམ་ལྔ་རེད། དེའི་ཁྲོད་དུས་སྐབས་དང་པོའི་ནང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་རྩིས་སྤྲོད་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ནས་རྐང་བཙུགས་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་ནས་དངུལ་གཏོང་བྱས། དུས་མཉམ་དུ་ཁེ་ལས་ཆུང་འབྲིང་དང་ལས་རིགས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ད་དུང་ཁྱད་ལྡན་གྱི་རྒྱུ་ཆ་གསར་བ་དང་། སྒྲིག་ཆས་ལས་སྐྲུན་རིམ་སྤོར་བྱེད་པ། མཐོ་སྒང་གི་སྐྱེ་དངོས་དང་ཁམས་གསོ་ཐོན་ལས། གཞི་གྲངས་ཐོན་ལས་ཅན་སོགས་འདུས་ཡོད། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྤྱིའི་མ་དངུལ་གཏོང་ཚད་བརྒྱ་ཆའི་བདུན་ཅུའི་ཡན་རེད།
རིག་འཛིན་སྒྲོལ་མས་བསྒྱུར།