རང་ཞིང་གིས་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པར་ཞུགས།
2023.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ11པའི་ཚེས22ཉིན།    རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ་ཧྲིན་ཀྲིན་དུ་བསྡུས།  རང་ཞིང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མཐུན་ཚོགས་དང་ཁེ་ལས་ཀྱི་འཐུས་ཚབ།   འགྲན་ཞུགས་པ་སོགས་མི་བརྒྱད་ཅུ་ལྷག་གིས་གྲུབ་པའི་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་ཚོགས་ཆེན་ལ་ཞུགས།

སྐབས་འདིའི་ཚོགས་ཆེན་གྱིས་མི་ཤུགས་ཐོན་ཁུངས་སྒུལ་ནུས་བསྐྱེད་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་སྟོབས་ཤུགས་གཅིག་བསྡུས་བྱེད་ཅེས་པ་བརྗོད་དོན་དུ་བྱས་ཡོད་པ་དང་།  རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་དང་ལས་རིགས་ཆེད་མཁས་པ།   མིང་དུ་གྲགས་པའི་མི་ཤུགས་ཐོན་ཁུངས་ཞུབས་ཞུའི་ལས་ཁུངས་ཀྱི་འཐུས་ཚབ།   ཀྲུང་དབྱང་ཁེ་ལས་དང་རྐང་འཛིན་ཁེ་ལས་ཀྱི་འཐུས་ཚབ་སོགས་འདུས་ཡོད་ལ།   དེ་ནི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་རྒྱལ་ཡོངས་རང་བཞིན་དང་རིམ་པ་མཐོ་བའི་སྟེགས་བུ་ཞིག་རེད།    དུས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་སྐབས་སུ་ཚོགས་འདུ་དང་འགྲེམ་སྟོན།  འགྲན་སྡུར།  བསྡུ་འགུག་བཅས་བྱ་འགུལ་ཁག་བཞི་ཡོད་པ་དང་།  གཙོ་བོར་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཞིབ་བསྡུར་བྱ་འགུལ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མཁོ་སྤྲོད་ངོ་འཕྲད་གྲོས་མོལ་སྦྲེལ་མཐུད་དང་འགྲེམ་སྟོན་བྱ་འགུལ།   མི་ཤུགས་ཐོན་ཁུངས་ཞབས་ཞུའི་གསར་གཏོད་ལས་སྐྲུན་དང་རྩལ་ནུས་འགྲན་སྡུར།    ཀོང་ཏུང་དང་ཞང་ཀང་།   ཨོ་མིན་བཅས་མཚོ་ཁུག་ཆེན་མོའི་ས་ཁུལ་གྱི་ན་གཞོན་འཇོན་མི་བསྡུ་འགུག་སོགས་བྱ་འགུལ་འདུས་ཡོད།

ཚོགས་ཆེན་གྱི་སྐབས་སུ།   རང་ཞིང་གི་ཁེ་ལས་ལས་གཏོད་འགྲན་སྡུར་སོགས་བྱ་འགུལ་ལ་ཞུགས་པ་དང་།   མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྡེ་ཁག་གི་འགྲེམ་ཁུལ་དང་མི་བཀོལ་སྡེ་ཁག་གི་འགྲེམ་ཁུལ་དུ་འགྲེམ་གནས་བཀོད་སྒྲིག་བྱས་ཏེ་མིག་སྔའི་རང་ཞིང་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་སྡེ་ཁག་གི་འཕེལ་རྒྱས་གྲུབ་འབྲས་དང་གསར་གཏོད་ཐོན་རྫས་འགྲེམ་སྟོན་བྱས་པ་དང་།    ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་གྲུབ་འབྲས་འགྲེམ་སྟོན་སྟེང་རང་ཞིང་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱི་དྲིལ་སྒྲོག་བརྙན་རིས་བཏང་སྟེ་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་འཛུགས་སྐྲུན་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།