ནོར་སྲིད་པུའུ་ཡིས་སྔོན་ལ་མ་དངུལ་བཏང་ནས་མཚོ་སྔོན་གྱི་དར་རྒྱས་མི་ཆེ་བའི་རྒྱལ་དབང་ནགས་ར་འཛུགས་སྐྲུན་ལ་རོགས་འདེགས་བྱས།
2023.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ11པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ནོར་སྲིད་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་ལྔ་ཁྲི་བདུན་སྔོན་ལ་བཏང་ནས་མཚོ་སྔོན་གྱི་དར་རྒྱས་མི་ཆེ་བའི་རྒྱལ་དབང་ནགས་ར་བདེ་ཐང་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་མ་དངུལ་ལ་དོ་དམ་བྱེད་ཐབས་དང་འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དར་རྒྱས་མི་ཆེ་བའི་ནགས་རའི་གནས་ཚུལ་དངོས་དང་བསྟུན་ནས་སྐོར་ཐེངས་འདིར་གཏན་ཁེལ་ལག་བསྟར་བྱས་པའི་ལས་གཞི་ཉེར་གསུམ་དེ་གྲོང་ཁྱེར་དང་ཁུལ་དྲུག་དང་ནགས་ར་ཉེར་གཅིག་ལ་ཁྱབ་ཡོད། ལས་གཞི་ལག་བསྟར་བྱས་པས་འདེབས་འཛུགས་གསོ་སྤེལ་སྔར་ལས་རྒྱ་བསྐྱེད་ནས་རྩི་ཤིང་རིགས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱས་ནས་རང་རེའི་ཞིང་ཆེན་གྱིས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱེད་དགོས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ལས་གཞི་བདེ་ལེགས་ངང་ལག་བསྟར་བྱེད་ཆེད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་གཏོང་བ་སྦྲེལ་མཐུད་བྱས་ཏེ། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ནོར་སྲིད་ཐིན་དང་འབྲེལ་འདྲིས་སྦྲེལ་མཐུད་བྱས་ནས་མཐུན་རྐྱེན་རང་བཞིན་ལྟར་མ་དངུལ་བཀོད་སྒྲིག་བྱས་ཏེ། འཛུགས་སྐྲུན་དམིགས་འབེན་དང་ནང་དོན་ལ་རྩིས་ལེན་བྱེད་པ་དང་། གདམ་གསེས་བྱས་པའི་ལས་གཞིའི་རྗེས་ཀྱི་ཞིབ་བཤེར་ཁྲོད་ཚུད་པར་བྱས་ནས་ཁང་བརྩེགས་དང་གཞུང་སྒྲུབ་ཁང་སོགས་ལས་གཞིའི་དམིགས་བྱ་དང་མི་འཚམ་པའི་འཛུགས་སྐྲུན་ནང་དོན་རྣམས་ཕུད་ནས་གདམ་གསེས་བྱས་པའི་ཐོན་ལས་རིགས་ཀྱི་ལས་གཞིས65%ཡན་ཟིན་པར་བྱས།

ཞིང་ཆེན་ནགས་རྩྭ་ཅུའུ་ཡི་ནགས་ར་དང་སོན་འདེབས་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། རིམ་པར་རྗེས་མར་ཞིང་ཆེན་ནགས་རྩྭ་ཅུའུ་ཡོས་ཁག་ཁུར་ཡོད་པ་དང་ནགས་རྩྭ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དར་རྒྱས་མི་ཆེ་བའི་རྒྱལ་དབང་ནགས་ར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལས་གཞིའི་མ་དངུལ་གྱི་ཕན་ནུས་ལ་ལྟ་སྐུལ་བྱེད་པ་དང་རིམ་པ་རེ་རེ་བཞིན་ལག་བསྟར་བྱས་ནས་ལས་གཞིའི་དོ་དམ་ཆུ་ཚད་དང་མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་མུ་མཐུད་མཐོར་འདེགས་བཏང་ནས་ལས་གཞིར་ཕན་འབྲས་བཟང་བོ་ཐོན་པར་འགན་སྲུང་བྱ་རྒྱུ་ཡིན་ཟེར།

མི་ཕམ་མགོན་པོས་བསྒྱུར།