ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བཏང་ནས་ཚོད་ལྟ་དཔེ་སྟོན་ཁུལ་གསུམ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་བཀོལ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།
ཟླ11པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ནོར་སྲིད་བྱ་བའི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྒྱུ་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་དགེ་མཚན་འབུར་ཐོན་ཡོང་བར་བྱེད་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་འགྲན་རྩོད་རང་བཞིན་གྱི་བཀོད་སྒྲིག་རྣམ་པས་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་དེ2023ལོའི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟ་དཔེ་སྟོན་ཁུལ་དུ་བདམས་པ་རེད།
ཐེངས་འདིའི་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་བཀོད་སྒྲིག་རྣམ་པ་ནི་ཞིང་ཆེན་ནོར་སྲིད་ཐིན་གྱིས་ནོར་སྲིད་བཀོད་སྒྲིག་རྣམ་པ་གསར་གཏོད་བྱས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གིས་ཁྱད་ལྡན་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་རྐྱེན་སྲོལ་གསར་འཛུགས་དང་འཚོལ་ཞིབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་གནས་སོ་སོའི་ཐག་གཅོད་དབང་ཆ་འོས་འཚམ་གྱིས་ཇེ་ཆེར་བཏང་བ་དང་། ས་གནས་སོ་སོས་མ་དངུལ་རྒྱུ་ལམ་གཅིག་གྱུར་མཐུན་སྦྱོར་བྱེད་པའི་བླང་བྱ་བཏོན་ནས། རྒྱལ་ཁབ་དང་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་སྲིད་ཇུས་དང་འཚམ་པའི་ཁྱད་ལྡན་འཁེལ་འཐག་རིགས་ལ་བོད་ལུགས་ས་གདན་དང་མི་རིགས་གྱོན་ཆས་སོགས་དང་། སྐྱེ་དངོས་གྲུབ་རྫས། ཀྲུང་བོད་ལུགས་ཀྱི་སྨན་རྫས། ས་མཐོའི་སྐམ་ཤ། བོད་ལུག་གི་ཤ། འོ་མའི་ཐོན་རྫས། འཕང་འབྲས་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ཀྱི་ཐོན་རྫས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་འཚོ་བའི་མཁོ་རྫས་བཟོ་སྐྲུན་གྱི་ཁེ་ལས་ཆུང་འབྲིང་རིམ་སྤོར་སྒྱུར་བཀོད་བྱེད་པ། ཚོང་རྟགས་གྲགས་ཅན་བསྐྲུན་པ་དང་གཉེར་འཚོང་འགྲེམ་སྤེལ་བྱེད་པ་སོགས་རྒྱབ་སྐྱོར་བྱེད་ཡུལ་གཙོ་བོར་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་དང་ལྷད་མེད་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལྟེ་བའི་འགྲན་རྩོད་ནུས་པར་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ས་གནས་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལས་ཞུགས་ལ་སྐུལ་བ་དང་། དམངས་ཚིས་ལ་ཕན་པ་བསྐྲུན་པ། སྒྲིག་གཞི་སྙོམ་པ། བརྟན་འཇགས་འཕར་སྣོན་སོགས་ཕྱོགས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ནོར་སྲིད་མ་དངུལ་གྱི་ཁྱོན་ཡོངས་ཅན་དང་། ཁྱབ་ཁོངས་མང་བ། ཕན་འབྲས་མཐོ་བ་བཅས་ལ་ཁག་ཐེག་བྱས་ཏེ་ཚོད་ལྟ་དཔེ་སྟོན་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
དེ་ལས་གཞན། ཐེངས་འདིར་སྤེལ་བའི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་ཡུན་ལོ་གསུམ་ཡིན་པ་དང་། རྣམ་གྲངས་འདིའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་གཏོང་རྒྱུ་ཡིན་ལ། ས་གནས་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། མི་གྲངས་ཁྱབ་ཁོངས། ཐོན་ལས་ཁྱད་ཆོས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་བརྒྱད་རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ་བཅས་ཀྱི་ས་གནས་སུ་དབྱེ་བགར་བྱས་ནས། ས་གནས་སོ་སོས་གཏན་འབེབས་བྱས་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་གཞི་དམིགས་སུ་བཟུང་སྟེ། མཇུག་མཐར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པས་དྲི་བ་བཏོན་པ་དང་སྐར་མ་བརྒྱབ་པ་བརྒྱུད། རིམ་པ་སོ་སོའི་ས་གནས་ཁྲོད་ཀྱི་ཆེས་མཐོ་བའི་སྐར་གྲངས་ཐོབ་པའི་ས་གནས་གཅིག་རེ་བདམས་ནས་ཚོད་ལྟ་ས་ཁུལ་བྱས་པ་རེད། མ་དངུལ་ཡང་ལོ་གསུམ་ལ་བཀོལ་རྒྱུ་ཡིན་པ་དང་། ལོ་གཅིག་གི་རྣམ་གྲངས་ལག་བསྟར་གནས་ཚུལ་དེ་ལོ་རྗེས་མའི་ཁ་གསབ་མ་དངུལ་ཚོད་རྩིས་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་རེད།
རིག་འཛིན་སྒྲོལ་མས་བསྒྱུར།