ཅང་སུའུ་སློབ་ཆེན་སྤྱི་བའི་འཕྲོད་བསྟེན་མི་སྣའི་བརྗེ་རེས་གསོ་སྦྱོང་གི་མཚོ་སྔོན་རྟེན་གཞི་བཙུགས།
2023.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སྤྱི་བའི་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།    ཤར་ནུབ་རྒྱུད་རོགས་ལས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་ལ་བརྟེན་ནས་ཅང་སུའུ་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གཉིས་ཀྱིས་ཅང་སུའུ་སློབ་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་མི་སྣའི་བརྗེ་རེས་གསོ་སྦྱོང་གི་མཚོ་སྔོན་རྟེན་གཞི་མཉམ་དུ་འཛུགས་སྐྲུན་བྱས་པ་དང་།  རྟེན་གཞིར་བརྟེན་ནས་ཚན་རིག་ཞིབ་འཇུག་དང་རིག་གཞུང་བརྗེ་རེས།   འཇོན་མི་གསོ་སྦྱོང་།    ལག་རྩལ་མཁྲེགས་གཏོར་སོགས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་སྤེལ་ཏེ་ཤར་ནུབ་རྒྱུད་རོགས་ལས་ཀྱི་སྤྱི་བའི་འཕྲོད་བསྟེན་འཇོན་མིའི་གསོ་སྦྱོང་ལས་གཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།

ད་ལོར།    ཕྱོགས་གཉིས་ཀྱིས་ཅང་སུའུ་སློབ་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་མི་སྣའི་བརྗེ་རེས་གསོ་སྦྱོང་གི་མཚོ་སྔོན་རྟེན་གཞི་སྟེགས་བུ་རུ་བྱས་ཏེ་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་།   མཚོ་སྔོན་གྱི་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་དུ་ཅང་སུའུ་སློབ་ཆེན་གསོ་རིག་སློབ་གླིང་གི་མཐོ་སྒང་འགོས་ནད་ཞིབ་འཇུག་རྟེན་གཞི་དང་སློབ་ཁྲིད་ཚན་ཞིབ་ལག་ལེན་རྟེན་གཞིའི་སྒོ་བྱང་བཀལ་ཏེ་མི་སྣའི་བརྗེ་རེས་དང་བྱེད་ནུས་མཐོར་འདེགས།   མཉམ་འབྲེལ་མཁྲེགས་གཏོར་གྱི་བགྲོད་ལམ་བཏོད་པར་མ་ཟད།    ཅང་སུའུ་སློབ་ཆེན་གྱི་འཇོན་མིའི་རིག་སྟོབས་དགེ་མཚན་དང་མཚོ་སྔོན་ཞིང་ཆེན་ཀྱི་ཐོན་ཁུངས་སྦས་ཤུགས་དགེ་མཚན་འདོན་སྤེལ་བྱས་ཏེ་བྱི་རིམས་དང་ཐུམ་འབུའི་ནད་སོགས་མཐོ་སྒང་འགོས་ནད་དང་མཐོ་སྒང་གི་ས་གནས་ནད་རིགས་ཞིབ་འཇུག་གི་རྒྱ་ཆེ་རུ་བསྐྱེད་དེ་ལག་རྩལ་གསར་གཏོད་དང་གྲུབ་འབྲས་ཚུལ་སྒྱུར་ལ་རོགས་འདེགས་བྱས།

དེ་དང་མཉམ་དུ།    ཅང་སུའུ་སློབ་ཆེན་གྱི་ཆེད་མཁས་པ་མཚོ་སྔོན་དུ་ཡོང་ནས་གསར་བྱུང་ཐོལ་བྱུང་གི་འགོས་ནད་ཞིབ་འཇུག་དང་སྐྱེ་དངོས་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད།    ནད་གཞིའི་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་དོ་དམ་སོགས་ཁྱབ་ཁོངས་སུ་བརྗེ་རེས་བགྲོ་གླེང་དང་འཆད་ཁྲིད་གསོ་སྦྱོང་བྱས།  ཅང་སུའུ་སློབ་ཆེན་གསོ་རིག་སློབ་གླིང་གིས་ད་རུང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་བར་དཔུང་སྡེ་གྲུབ་པར་བྱས་ནས་རང་གི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་གསོ་སྦྱོང་སྤེལ་ཏེ་གཞི་རིམ་སྤྱི་བའི་འཕྲོད་བསྟེན་ཆེད་ལས་མི་སྣའི་སྨན་བཅོས་ཆུ་ཚད་མཐོར་འདེགས་བཏང་།  མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གིས་ཅང་སུའུ་སློབ་ཆེན་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྔོན་ལག་རྩལ་དགེ་མཚན་ལ་བརྟེན་ནས་རྒྱུད་རྒྱུ་རིག་པ་སོགས་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་སྤེལ།

འཇོན་མི་གསོ་སྐྱོང་ཐད་མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་གིས་ནང་འདྲེན་དང་གསོ་སྦྱོང་མཉམ་འཛིན་དང་།  འཇོན་མི་གསོ་སྐྱོང་དང་ན་གཞོན་རྐང་འཛིན་པ་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལས་གཞིའི་མི་སྐྱོང་གྲུབ་འབྲས་གཏིང་ཟབ་ཏུ་བཏང་བ་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།