ད་ལོར། ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་བཞི་ཁྲི་དགུ་བཏང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་ལས་གཞི་བཅུ་གསུམ་ལག་བསྟར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཅང་སུའུ་ཞིང་ཆེན་གྱི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་གཉིས་ཁྲི་དགུ་བཏང་ནས་གུང་ཧོ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་ལས་གཞི་དང་། གྲོང་གསེབ་དར་སྤེལ་སྡེ་བ་ཡོངས་སུ་སྤེལ་བའི་ལས་གཞི། སྡེ་བ་རིམ་པའི་བཙོག་ཆུ་ཐག་གཅོད་དང་གད་སྙིགས་བསྡུ་རུབ་ཆ་སྡེབས་སྒྲིག་ཆས་ལས་གཞི། ཆབ་ཆ་གྲོང་རྡལ་འཕྲོད་བསྟེན་ཁང་དང་དུམ་པ་ཡན་ལག་འཕྲོད་བསྟེན་ཁང་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་སོགས་ལས་གཞི་བདུན་ལག་བསྟར་བྱས་པ་དང་། དེ་དང་མཉམ་དུ་གུང་ཧོ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལས་གཞི་འཕེལ་རྒྱས་སུ་བཏང་ལ། གུང་ཧོ་རྫོང་གི་ཐོན་ལས་རོགས་སྐྱོར་ལས་གཞི་ཐད་ཀྱི་ཞིབ་འཇུག་བྱེད་ཆོག་པའི་སྒྲིག་ལུགས་ཡོངས་འགྲུབ་བྱས། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་བཞི་བཏང་ནས་རིག་གནས་སློབ་གསོ་ལས་གཞི་ལག་བསྟར་བྱས་པ་དང་། གུང་ཧོ་རྫོང་གི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་ལས་གཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། གུང་ཧོ་རྫོང་ཆབ་ཆའི་ལོ་དགུའི་འོས་འགན་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ལག་བསྟར་ཇུས་གཞི་དངོས་སུ་སྒྲིག་བཟོ་བྱེད་བཞིན་པའི་སྒང་རེད།
ད་ལོར། གུང་ཧོ་རྫོང་གི་འབྲེལ་ཡོད་སྡེ་ཁག་ཅང་སུའུ་ཞིང་ཆེན་དུ་སོང་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་སྤེལ་བ་དང་། ཁྲང་ཀྲིག་ནས་རླངས་སྔོན་མོ་དགུང་ལ་འཕྱོ་བའི་མཛེས་སྡུག་གི་མཚོ་སྔོན་པོས་ཁྱེད་ལ་དགའ་བསུ་བྱེད་ཅེས་པ་བརྗོད་དོན་དུ་བྱས་པའི་གུང་ཧོ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར། ཚོང་འགུག་ངོ་སྤྲོད་ཀྱི་གྲོས་ཚོགས་བསྡུས་ནས། ཡུལ་དངོས་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཕྱིར་འཚོང་དང་རིག་གནས་ཡུལ་སྐོར་མཉམ་ལས། ཐོན་ལས་མཉམ་ལས་བཅས་ཀྱི་ལས་གཞིའི་བརྒྱད་ཀྱི་གྲོས་མཐུན་བཀོད། ངོ་སྤྲོད་ཉོ་ཚོང་སྐབས་སུ། ཁྲང་ཀྲིག་གི་ཁེ་ལས་ཉི་ཤུ་ཡིས་གུང་ཧོ་རྫོང་བར་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་། རིག་གནས་ཡུལ་སྐོར་མཉམ་ལས་བཅས་ཀྱི་འདོད་བློ་དང་ཡང་ན་གྲོས་མཐུན་བཀོད་པ་དང་། རིགས་མི་འདྲ་བའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་མི་རིགས་རིག་གནས་ལག་ཤེས་ཐོན་རྫས་སྟོང་ལྔ་ལྷག་ཕྱིར་འཚོང་བྱས་ལ། ཕྱིར་འཚོང་གི་སྤྱིའི་མ་དངུལ་སྒོར་འབུམ་གསུམ་ལྷག་ལ་སླེབས་ནས། གུང་ཧོ་རྫོང་གི་ཁེ་ལས་ཀྱི་ཚོང་ལམ་ཕྱེས་པ་དང་ཚོང་ར་རྒྱ་སྐྱེད་པར་རོགས་རམ་བྱས།
ཁྲང་ཀྲིག་གྲོང་ཁྱེར་གྱིས་གུང་ཧོ་རྫོང་བར་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སོགས་ཕྱོགས་ཀྱི་ཕྱོགས་ཡོངས་དང་རིམ་པ་མང་པོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་པ་དང་། རྒྱལ་ཁབ་རིམ་པའི་དེང་རབས་བོད་ལུག་ཐོན་ལས་ར་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ལ། ཞིང་ཕྱུགས་ལས་ཚན་ལྡན་ཅན་གྱི་ཐོན་སྐྱེད་ཆུ་ཚད་དང་ལས་ཆོད་མཐོར་འདེགས་བཏང་སྟེ། ཞིང་ཕྱུགས་ཀྱི་ཐོན་འབབ་དང་ཞིང་ཁྱིམ་གྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་འདེགས་བྱས།
རིན་ཆེན་མཚོས་བསྒྱུར།