མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་སྒྲོག་བཤད་འགྲན་སྡུར་སྐབས་བཅུ་པའི་ཁྲོད་ཁྱད་འཕགས་གྲུབ་འབྲས་བླངས།
2023.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ11པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་རྩལ་པུའུ་ཡིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་སྒྲོག་བཤད་འགྲན་སྡུར་སྐབས་བཅུ་པ་དེ་ཉེ་ལམ་ཀོང་ཏུང་ཚན་རྩལ་ལྟེ་གནས་ནས་བདེ་ལེགས་ངང་མཇུག་བསྒྲིལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག80ཡོད་ལ་ཁྱོན་བསྡོམས་འགྲན་ཞུགས་པ265ཡིས་རྩལ་ནུས་འགྲན་སྡུར་བྱས་པ་རེད།   དེ་ལས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག་ལ་ཕུལ་བྱུང་བྱ་དགའ3དང་། ཞིང་ཆེན་ཚན་རྩལ་ཐིན་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ1བཅས་ཐོབ།

སྔར་ལས་ལྷག་པའི་སྒོ་ནས་ཕུལ་བྱུང་གི་ཚན་རིག་ཁྱབ་གདལ་སྒྲོག་བཤད་འཇོན་མི་འདེམ་ཆེད། ཞིང་ཆེན་ཚན་རྩལ་ཐིན་གྱིས་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སྒྲོག་བཤད་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་དང་། བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་སྤེལ་བ་དང་། བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་དཔྱད་འདེམས་བྱས་ཏེ། རང་ཞིང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་སྡུར་ལ་ཞུགས་སུ་བཅུག ཆེད་ལས་མཛུབ་ཁྲིད་དགེ་རྒན་གདན་དྲངས་ནས་འགྲན་ཞུགས་པར་འགྲན་སྡུར་སྔོན་ལ་ཁ་གཏད་རང་བཞིན་གྱི་ཟུར་ཁྲིད་བྱས་ཤིང་། འགྲན་ཞུགས་པའི་བརྩམས་ཆོས་འཐུས་ཚང་དུ་བཏང་བར་མ་ཟད། ཁྱོན་ཡོངས་དང་ཟུར་ཚད་མང་བའི་སྒོ་ནས་འགྲན་ཞུགས་བརྩམས་ཆོས་བཟོ་བཀོད་བྱས་ཏེ། སྤྱི་ཚོགས་སྟེང་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གང་མང་ཁྱབ་སྒྲོག་གང་ལེགས་བྱས།

ཐེངས་འདིའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་སྒྲོག་བཤད་འགྲན་སྡུར་སྟེང་། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་དང་། ཟི་ལིང་ཞིན་ཧྭ་ལེན་བྱིས་པའི་སྤྲོ་སྐྱིད་གླིང་རྒྱ་མཚོའི་ཚན་རིག་ཁྱབ་གདལ་ཁང་གི་ཁི་ལན་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་བརྟག་དཔྱད་ཁང་གི་ཧྲིན་ཅུས། ཟི་ལིང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གི་ལི་ཅིན་མའེ་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།

                                                                                                རིག་འཛིན་སྒྲོལ་མས་བསྒྱུར།