ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནི། རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པ་ཡིན་པ་དང་། རྩ་ཁྲིམས་ཀྱི་དགོངས་པ་དར་སྤེལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ས་ཁུལ་གྱི2023ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་དྲ་ཐོག་ཐད་གཏོང་གི་རྣམ་པ་བརྒྱུད་དེ་བསྡུས། རང་ཞིང་གི2023ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་ཕྱོགས་ཡོངས་ནས་དངོས་སུ་སྤེལ་འགོ་བརྩམས།
བྱ་འགུལ་ཁྲོད། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ། མི་དམངས་ཉེན་རྟོག་པ། ཚོང་རའི་ལྟ་སྐུལ་མི་སྣ་བཅས་ཀྱིས་གྲུབ་པའི་དམ་བཅའ་འཇོག་པའི་རུ་ཁག་སྟེགས་བུ་སྟེང་སོང་ནས། རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་ནས། རྩ་ཁྲིམས་ལ་གུས་བཀུར་དང་སྲུང་སྐྱོབ་བྱེད་པ་མཚོན་པར་བྱས། དེའི་རྗེས། ཟི་ལིང་གྲོང་ཁྱེར་གྱི་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་པས་གཏམ་བཤད་སྐབས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བཅའ་ཁྲིམས་ལ་བརྩི་མཐོང་དང་བཅའ་ཁྲིམས་སློང་སྦྱོང་། བཅའ་ཁྲིམས་བརྩི་སྲུང་། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་བྱེད་ཐབས་དང་མྱོང་ཚོར་གླེང་བ་དང་། བཙོན་ཁང་གི་ཉེན་རྟོག་པ་དང་མཐོ་རིམ་སློབ་གྲྭའི་སློབ་མ། གླུ་བ་གླུ་མ་བཅས་ཀྱིས་སོ་སོར་བཅའ་ཁྲིམས་དང་འབྲེལ་བའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས། དེ་དང་མཉམ་དུ། རྩ་ཁྲིམས་དྲིལ་སྒྲོག་གི་ཁྱབ་གདལ་ཅན་དང་སྤྱི་དམངས་ཅན་གྱི་བརྒྱུད་སྒྲོག་ལ་སྐུལ་འདེད་གཏོང་ཆེད། བྱ་འགུལ་གཙོ་སྒྲུབ་ལས་ཁུངས་ཀྱིས་གཞི་རིམ་སྡེ་ཁག་ལ་རྩ་ཁྲིམས་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་གི་དཔེ་དེབ་བྱིན་པ་དང་། ཡུལ་དངོས་སུ་ད་དུང་ཡིག་གཟུགས་འགྲེམ་སྟོན་དང་དཔེ་ཆ་སྟེར་བ། དྲིས་ལན་འདེབས་པ་སོགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད།
རིན་ཆེན་མཚོས་བསྒྱུར།