མཚོ་ནུབ་ཁུལ་གྱིས་ཞིང་ལས་ཁ་གསབ་བྱིན་ནས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2023.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ11པའི་ཚེས30ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུན་ལས་བྱུང་བ་ལྟར་ན། ད་ལོར། མཚོ་ནུབ་ཁུལ་གྱིས་ལྗང་མདོག་སྐྱེ་ཁམས་ཁྲིད་ཕྱོགས་སུ་བྱས་པའི་ཞིང་ལས་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་། གོ་རིམ་ཧྲིལ་བོར་སྤུས་འདེགས་གྲངས་འཕར་དང་ཕྲེང་འབྲེལ་གཏན་འཇགས། ཕྱིར་གཏོང་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱས་ཏེ། ལྗང་མདོག་འཁོར་རྒྱུག་གི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སའི་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུ་འདེད་བཏང་།

རྨོ་ཞིང་ས་ཤུགས་སྲུང་སྐྱོབ་ཁ་གསབ་ཀྱི་ཀྲུང་དབྱང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དྲུག་དངོས་འབེབས་བྱས་པའི་རྨང་གཞིའི་སྟེང་། རྨོ་ཞིང་གི་འགན་ལེན་དབང་ཆ་ཡོད་པའི་ཞིང་འདེབས་རོང་འབྲོག་དམངས་ལ། མུའུ་གཅིག་ལ་སྒོར་བརྒྱའི་ཡན་སྟེར་བའི་ཚད་གཞི་ལྟར། ཁ་གསབ་མ་དངུལ་བྱིན་ནས། འབྲུ་རིགས་བདེ་འཇགས་འགན་འཁྲི་དེ་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་སྟེང་མངོན་པར་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཞིང་བའི་འབྲུ་རིགས་འདེབས་པའི་ངར་སེམས་ཆེར་སྐྱེད་ལ། རྨོ་ཞིང་ས་ཤུགས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་འགོ་ཁུངས་ཀྱི་སྤུས་ཚད་ལ་འགན་སྲུང་བྱེད་པ། ཞིང་ལས་ཐོན་སྐྱེད་གཏན་འཇགས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན།

སྔར་ཡོད་ཀྱི་ཞིང་ཕན་སྲིད་ཇུས་ཀྱི་བསྟུད་མར་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་བྱས་པའི་ཞོར་དུ། གསོག་གྲངས་གཏན་འཇགས་སུ་གཏོང་བ་དང་སྤྱིའི་གྲངས་འཕར་སྣོན་བྱེད་པའི་རྩ་དོན་ལྟར། ཞིང་ལས་ཁ་གསབ་བྱེད་ཐབས་ལེགས་བསྒྱུར་བྱེད་པའི་ཚོད་ལྟ་སྤེལ། ཁུལ་ཡོངས་ཀྱི་འབྲུ་སྣུམ་ལོ་ཏོག་དང་འཕང་འབྲས། ལིས་གྲོ་འདེབས་པའི་ཞིང་ཁྱིམ་དང་ནོར་ལུག་གསོ་བའི་འབྲོག་ཁྱིམ་ལ། གཏན་ཁེལ་བྱས་པའི་ཚད་གཞི་ལྟར། ཁུལ་དང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་གི་ཁ་གསབ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དང་རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།