མཚོ་སྔོན་ནས་རྩ་ཁྲིམས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།
2023.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

བསྟུད་མར་ཉིན་འགའི་རིང་ལ། 2023ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སོ་སོ་ནས་སྤེལ། ས་གནས་ཁག་གི་སློབ་གྲྭ་སོ་སོས་བྱ་འགུལ་གྱི་བརྗོད་དོན་ལ་དམིགས་ཏེ་རྩ་ཁྲིམས་སློབ་སྦྱོང་དང་སློབ་གསོ་དྲིལ་སྒྲོག་གི་བྱ་འགུལ་སྤེལ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསླབ་པ་དང་དེ་དྲིལ་སྒྲོག་བྱས་ཤིང་། རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་སློབ་གསོ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ་སོགས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱར་སློབ་སྦྱོང་གཏིང་ཟབ་བྱས།

མཚོ་སྔོན་སློབ་ཆེན་དུ། གསར་གཏོད་རྣམ་པའི་རྩ་ཁྲིམས་ཞོགས་ཀློག་བྱེད་པའི་བྱ་འགུལ་སྤེལ་ནས་སློབ་གྲོགས་རྣམས་ལ་ནངས་སྦྱོང་བྱེད་ཐབས་གསར་བ་ཞིག་ཁ་སྣོན་བྱས། སློབ་གྲོགས་ཚང་མས་རྩ་ཁྲིམས་ཀྱི་ནང་དོན་སློབ་སྦྱོང་བྱས་ཏེ་རྩ་ཁྲིམས་ཀྱི་རིན་ཐང་དང་དོན་སྙིང་རྟོགས་པར་བྱས་ཤིང་། མཉམ་དུ་དམ་བཅའ་བཞག་སྟེ་རྩ་ཁྲིམས་ཀྱི་ནང་དོན་ཀློག་འདོན་བྱས་ནས་ཁས་ལེན་དམ་བཅའ་བཞག་པ་རེད། ཞོགས་ཀློག་བྱ་འགུལ་སྤེལ་བ་དེས་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་སྒོ་ཡོལ་ཕྱེས་ཏེ། སློབ་གྲོགས་ཚོའི་ཁྲིམས་སྐྱོང་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་། སློབ་གྲོགས་ཚང་མས་བལྟས་ན། ཞོགས་ཀློག་བྱ་འགུལ་གྱིས་རྩ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་གཏོང་ཐུབ་པར་མ་ཟད། རྩ་ཁྲིམས་སྙིང་སྟོབས་དར་སྤེལ་བྱེད་ལ། རྩ་ཁྲིམས་དབང་ཟིལ་འཛུགས་ཐུབ་པ་དང་། མི་ཚང་མིའི་བཅའ་ཁྲིམས་འདུ་ཤེས་སྔར་ལས་ཤུགས་དྲག་ཏུ་བཏང་ནས་རྩ་ཁྲིམས་བླ་ན་མཐོ་བའི་ལྟ་བ་བརྟན་པོ་ཞིག་ཆགས་རྒྱུར་ཕན་ཐོགས་ཡོད་པར་འདོད།

མཚོ་སྔོན་དགེ་འོས་སློབ་ཆེན་དུ། རྩ་ཁྲིམས་དགོངས་པ་དར་སྤེལ་བཏང་ནས་ཁྲིམས་སྐྱོང་ཡིད་ཆེས་ཇེ་བརྟན་དུ་གཏོང་ཞེས་པ་བརྗོད་དོན་དུ་བཟུང་སྟེ་གཏམ་བཤད་འགྲན་སྡུར་སྤེལ། སློབ་གླིང་སོ་སོ་དང་འཛིན་གྲྭ་སོ་སོས་རྩེར་སོན་འགྲན་ཞུགས་སློབ་མ་མངགས་ཏེ། ཉེ་གམ་གྱི་གཏམ་རྒྱུད་དང་གྱོད་དཔེ་བཀོལ་ནས། རྩ་ཁྲིམས་ཤེས་བྱ་དགེ་རྒན་དང་སློབ་གྲོགས་ཚོའི་སྙན་ལམ་དུ་བཞག འགྲན་སྡུར་རྗེས་སུ། ཚང་མས་ཡིད་འགུལ་ཐེབས་པའི་ངང་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་ལ་ཞུགས་པ་ལས། རྩ་ཁྲིམས་ཤེས་བྱར་རྒྱུས་ལོན་སྔར་ལས་ལྷག་པ་བྱས་ལ། ལྷག་པར་འཚོ་བ་དང་འབྲེལ་ནས་གླེང་བས་མི་སེམས་ལ་སིམ་པར་བྱས་ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་དུ། 《ང་ཚོ་རྩ་ཁྲིམས་དང་མཉམ་དུ་འཚར་ལོངས་བྱུང》ཞེས་པའི་གླུ་ལེན་བྱ་འགུལ་སྤེལ། བྱ་འགུལ་སྤེལ་སྐབས། སློབ་གྲོགས་ཚང་མས་ཁ་པར་ལས་ངོ་མཚར་བའི་རྣམ་པ་བརྙན་ཕབ་བྱས་ཏེ་བརྗོད་དོན་དང་དམ་པོར་སྦྲེལ་ནས་སྤུས་དག་ལྟ་ན་སྡུག་པའི་སྨན་བྱད་ཐོན་རྫས་སུ་བསྒྱུར་ཏེ། སློབ་གསོ་པུའུ་ཡི་རྩ་ཁྲིམས་ཁྱབ་གདལ་དྲ་བ་དང་རིགས་སོ་སོའི་སྨྱན་བྱད་སྟེང་བཞག་ནས། འཁྲབ་སྟོན་གྱི་གོ་སྐབས་བརྩོན་ལེན་བྱས། རིགས་སོ་སོའི་སློབ་གྲོགས་རྣམས་མཉམ་གཅིག་ཏུ་འཛོམས་ནས་སྐད་ངག་ཁྲོད་ནས་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱས།

                                                                                                        རིག་འཛིན་སྒྲོལ་མས་བསྒྱུར།