ཟླ12པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སྐྱེ་ཁམས་མཛེས་ལྗོངས་ཁུལ་བརྒྱད་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། མཛེས་ལྗོངས་ཁུལ་དགུ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གྱི་གསར་སྐྲུན་ལྗོངས་ཁུལ་དུ་བདམས།
དེའི་ཁྲོད་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་ཁྲོད་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དང་ཨ་མྱེས་སྟོང་སོའི་མཛེས་ལྗོངས་ཁུལ། དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ། ཚ་རྔ་འགག་མཛེས་ལྗོངས་ཁུལ། ཝུའུ་སུའུ་ཐི་ཡཱ་ཏན་མཛེས་ལྗོངས་ཁུལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བྱང་རི་མཛེས་ལྗོངས་ཁུལ། རྐང་ཚའི་གསེར་ཉའི་ཁྱིམ་གཞིས་མཛེས་ལྗོངས་ཁུལ། ཡུས་ཧྲུའུ་ལེབ་ཁོག་མཛེས་ལྗོངས་ཁུལ་བཅས་ཡོད།
ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གྱི་གསར་སྐྲུན་མཛེས་ལྗོངས་ཁུལ་ནི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་སྤྱི་ལེ་བརྒྱའི་ལོག་དཀར་མེ་ཏོག་མཛེས་ལྗོངས་ཁུལ་དང་མེན་ཧི་ཧོས་རིགས་རང་སྐྱོང་རྫོང་གི་སྤྱི་ལེ་བདུན་གྱི་མེ་ཏོག་མཛེས་ལྗོངས་ཁུལ། ཧོང་ཀྲུང་ས་ཁུལ་གྱི་ཆན་ཙི་ཡོན་ཡུལ་སྐོར་མཛེས་ལྗོངས་ཁུལ། ཁམས་ར་མཛེས་ལྗོངས་ཁུལ། ཁ་ཡངས་ཡུལ་སྐོར་མཛེས་ལྗོངས་ཁུལ། སྟོང་སྐོར་ཞའོ་ཀའོ་ལིན་གྱི་གྲོང་གསེབ་ཡུལ་སྐོར་རྟེན་གཞི། རྟ་ཐང་ཧོས་རིགས་རང་སྐྱོང་རྫོང་གི་སྤེན་མ་འགག་གི་མེ་ཏོག་མཛེས་ལྗོངས་ཁུལ། གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་མཛེས་ལྗོངས་ཁུལ། ཧུའུ་ཀྲུའུ་རྫོང་མའོ་ཨར་འགག་གི་མཐོ་སྒང་སྐྱེ་ཁམས་མཛེས་ལྗོངས་ཁུལ་བཅས་རེད།
མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་ནི་འཁྱགས་དར་དང་གངས་རི། ནགས་ཚལ། གཡང་གཟར། རྩྭ་ཐང་། བརླན་ས་སོགས་སྣ་འཛོམས་པ་དང་རྩྭ་ཐང་གི་ཡུལ་སྲོལ་དང་དམངས་སྲོལ་རིག་གནས། གནའ་ཤུལ་གྲགས་ཅན། གཅེས་སུ་འོས་པའི་སྐྱེ་དངོས་སོགས་ཐོན་ཁུངས་ཕུན་སུམ་ཚོགས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་བརླན་སའི་འདབ་ཆགས་ལ་ལྟད་མོ་ལྟ་བ་དང་ནགས་ཀློང་འགྲིམ་ནས་སེམས་ངལ་གསོ་བ། མཐོ་སྒང་གི་འགྲུལ་བཞུད། རི་འགོར་འགོ་བ་སོགས་སྐྱེ་ཁམས་ཡུལ་སྐོར་གྱི་རིགས་བཏོན་ནས་ཡུལ་སྐོར་པ་མང་པོའི་དགའ་བསུ་མི་ཉུང་བ་ཐོབ།
མི་ཕམ་མགོན་པོས་བསྒྱུར།