མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བཏོན་ནས་གནམ་གཤིས་གནོད་འགོག་ནུས་པ་ཇེ་མཐོར་བཏང་།
2023.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། གསར་འགོད་པས་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེ་སྔོན་འགོག་གི་ལས་ཁུངས་གཙོ་བོའི་བདེ་འཇགས་དོ་དམ་བྱེད་ཐབས་བཏོན་པ་དང་། བྱེད་ཐབས་ལས་གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོས་ཁྲིམས་བཅད་འགན་འཁྲི་ལག་ཏུ་བསྟར་བར་མཛུབ་སྟོན་དང་ལྟ་རྟོག་བྱས་པ་དེ་རང་ཞིང་གི་གནམ་གཤིས་གནོད་འགོག་གི་ནུས་པ་མཐོར་འདེགས་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་ལ། དེའི་དམིགས་བསལ་གྱི་ས་བབ་དང་རླུང་ཁམས་ཆེན་མོའི་བརྒྱུད་རིམ་དབང་གིས་འཛམ་གླིང་ཧྲིལ་བོའི་ནམ་ཟླ་དང་ཁོར་ཡུག་འགྱུར་ལྡོག་གི་ཚོར་སྐྱེན་ཁུལ་དང་ཉམས་ཞན་ཁུལ། གནད་འགག་ཁུལ་དུ་གྱུར་ཡོད། 1984ལོ་ནས་བཟུང་། ཞིང་ཆེན་ཡོངས་ལ་ཚབས་ཆེ་བའི་གནམ་གཤིས་གནོད་འཚེ3000ལྷག་བྱུང་ཞིང་། གནོད་འཚེ་འབྱུང་བའི་ཐེངས་གྲངས་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ལ། ལོ་རེའི་འཕར་ཚད་ཐེངས་གསུམ་རེད།

བྱེད་ཐབས་ལ་ནང་དོན་གཙོ་བོ་ཁག20ཡོད་དེ། ཁྲིམས་འཛུགས་ཀྱི་གཞི་འཛིན་སའི་སྐོར་དང་། གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོ་གཏན་འཁེལ་གྱི་སྐོར། གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་འགན་འཁྲིའི་སྐོར། གནམ་གཤིས་གཙོ་གཉེར་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་རྟོག་ཞབས་ཞུའི་སྐོར་སོགས་འདུ།

བྱེད་ཐབས་ལས་གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་དོ་དམ་ལམ་ལུགས་དང་ཚད་གཞི་ལེགས་བཅོས་བྱེད་པ་དང་། གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་ཉེན་ཟོན་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་པ། གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་གསོ་སྦྱོང་དང་མཛུབ་སྟོན། ཞབས་ཞུ་བཅས་ལ་ཤུགས་སྣོན་པ། ལས་ཁུངས་གཙོ་བོའི་གནམ་གཤིས་གནོད་འགོག་གི་འགན་འཁྲི་གཙོ་བོ་དངོས་འབེབས་དང་། ལས་ཁུངས་གཙོ་བོའི་གནམ་གཤིས་གནོད་འཚེའི་ཉེན་ཁ་འགོག་སེལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་གནམ་གཤིས་གནོད་འགོག་གི་ནུས་པ་ཇེ་མཐོར་གཏོང་བ་བཅས་གཏན་འཁེལ་གསལ་བོ་བྱས་ཡོད།

བྱེད་ཐབས་ལས་གནམ་གཤིས་གནོད་འགོག་གི་བརྒྱུད་རིམ་ཁྲོད། སྲིད་གཞུང་དང་ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག  གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་གནམ་གཤིས་བདེ་འཇགས་དོ་དམ་བྱ་བའི་རྩ་འཛུགས་མགོ་ཁྲིད་དང་གྲོན་དངུལ་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྦྱོར་རྐྱེན་སྲོལ་དང་མཉམ་འབྲེལ་ཞིབ་བཤེར་མཇུག་འབྲས་སྙན་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་ལས་ཁུངས་གཙོ་བོར་རང་གཤིས་ཅན་དང་ལམ་ལུགས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ན། གནམ་གཤིས་གནོད་འགོག་གི་ལས་ཁུངས་གཙོ་བོའི་གནམ་གཤིས་གནོད་འཚེ་ཐག་གཅོད་ཀྱི་ནུས་པ་ཇེ་མཐོར་གཏོང་བར་ཕན་པར་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད། 


ལྷ་མོ་འཚོས་བསྒྱུར།