ཟླ12པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་བའི་ཟས་རིགས་བདེ་འཇགས་ཀྱི་འདུ་ཤེས་སྔར་ལས་ཇེ་མཐོར་གཏོང་བ་དང་། ཟས་རིགས་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་གཏོང་ཆེད། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གྲོན་ཆུང་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཟས་རིགས་བདེ་འཇགས་སྲུང་བའི་བརྗོད་དོན་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་ཏེ། ཟ་མ་ཆུད་ཟོས་སུ་གཏོང་བ་བཀག་འགོག་དང་། སློབ་རའི་ཟས་རིགས་བདེ་འཇགས་སོགས་གཙོར་བཟུང་ནས་ཟས་རིགས་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས།
དྲིལ་སྒྲོག་བྱ་འགུལ་ལས་ཟས་རིགས་བདེ་འཇགས་སྐོར་གྱི་ཚན་རིག་རྒྱུན་ཤེས་མང་ཚོགས་ཀྱི་འཚོ་བ་དང་འདྲེས་པར་བྱས་ཏེ། མང་ཚོགས་ཀྱིས་ཟས་རིགས་དཔལ་ཡོན་སྲུང་བར་སྣེ་ཁྲིད་བྱས་པ་དང་། ལུགས་མཐུན་གྱི་འཛད་སྤྱོད་འདུ་ཤེས་ཆགས་པར་བྱས་ལ། ཟ་མ་ཆུད་ཟོས་སུ་གཏོང་བ་བཀག་འགོག་བྱེད་པའི་དྲིལ་སྒྲོག་མཁན་དང་། ལག་བསྟར་མཁན། ལྟ་སྐུལ་པ་བཅས་བྱས་ཏེ། འཛད་སྤྱོད་ལ་ངོ་རྒོལ་དང་གྲོན་ཆུང་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་ཞིག་གྲུབ་པར་བྱས། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱི་སྣེ་ཁྲིད་དེ་ཟས་རིགས་འཛད་སྤྱོད་ཀྱི་འདུ་ཤེས་ཡང་དག་ཅིག་བཙུགས་ནས། བདེ་འཇགས་ཟས་རིགས་གསལ་འབྱེད་དང་། ཚད་ལོངས་ཟས་རིགས་ཉོ་རུ་བཅུག སློབ་མས་རང་འགུལ་ངང་བདེ་ཐང་མིན་པའི་ཟས་རིགས་བཀག་འགོག་བྱེད་པར་སྐུལ་སློང་དང་རང་ངོས་སྲུང་སྐྱོབ་འདུ་ཤེས་མཐོ་རུ་བཏང་། བྱ་འགུལ་སྐབས་སུ། སྤྱི་སྤྱོད་རླངས་འཁོར་དུ་བཞག་པའི་བརྙན་འཕྲིན་གྱི་དྲིལ་སྒྲོག་ཁྱབ་རྒྱ་ཆེ་བ་དང་། བརྒྱུད་གཏོང་བྱེད་ཚད་མཐོ་བ་སོགས་ཀྱི་དགེ་མཚན་བེད་སྤྱད་ནས། ཟས་རིགས་བདེ་འཇགས་ཀྱི་དྲིལ་སྒྲོག་བརྙན་ཐུང་སྒྲིག་བཟོ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་སོ་སོའི་སྤྱི་སྤྱོད་རླངས་འཁོར་སྟོང་གཅིག་དང་བརྒྱ་ལྷག་གི་བརྙན་ཤེལ་ལས་འགྲེམ་གཏོང་བྱས་པས། མང་ཚོགས་ཀྱིས་ཕྱིར་སྐྱོད་ལམ་བར་དུ་ཟས་རིགས་བདེ་འཇགས་ཀྱི་ཚན་རིག་ཤེས་བྱ་ངེས་ཐུབ་པར་བྱས།
ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྒྱུན་ཆད་མེད་པར་ཟས་རིགས་བདེ་འཇགས་དྲིལ་སྒྲོག་དང་ལྟ་སྐུལ་དོ་དམ་གྱི་ནུས་ཚད་ཇེ་ཆེར་བཏང་སྟེ། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཤིང་། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཤེས་བྱ་ཤེས་རྟོགས་ཚད་དང་ཡིད་ཚུམ་ཚད་མུ་མཐུད་ཇེ་མཐོར་བཏང་བ་མ་ཟད། སེམས་ཤུགས་གཅིག་མཐུན་གྱིས་ཟས་རིགས་བདེ་འཇགས་སྲུང་སྐྱོབ་དང་། འབད་པ་ཆེན་པོས་སྤྱི་ཚོགས་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་སྟུག་པོ་ཞིག་ཆགས་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།