མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་རྩ་ཁྲིམས་ལས་ཁུངས་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། རྩ་ཁྲིམས་དགོངས་དོན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་ལ་དམིགས་ཏེ། ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་རྩ་ཁྲིམས་ཀྱི་སྔུན་དུ་དམ་བཅའ་འཇོག་པར་ཞུགས་པ་དང་།ཤེས་བྱའི་འཆད་ཁྲིད་དང་ཤེས་བྱའི་འགྲན་སྡུར། བརྗོད་དོན་འགྲེམ་སྟོན་སོགས་རྣམ་པ་མང་བའི་རྩ་ཁྲིམས་གཅིག་བསྡུས་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་བཅས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ་ཏེ། རྩ་ཁྲིམས་ཀྱི་དམ་ཚིག་ཕྱིར་དྲན་བྱས་པ་བརྒྱུད་དེ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་སེམས་ཁོང་ནས་རྩ་ཁྲིམས་ལ་བརྩི་བཀུར་བྱེད་པར་སྐུལ་འདེད་བཏང་བ་དང་། བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་ལ་རྒྱུས་ལོན་བྱེད་པ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ། བཅའ་ཁྲིམས་བརྩི་སྲུང་བྱེད་པ། ཁྲིམས་སྲོལ་ལྟར་འགན་སྒྲུབ་བྱེད་པའི་འགན་འཁྲིའི་འདུ་ཤེས་གྲུབ་པར་བྱས། ཞིང་ཆེན་ཁྲིམས་ཁང་གིས་ད་དུང་རྩ་ཁྲིམས་ཉིན་མོར་ཁྲིམས་ཁང་གི་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་ནས། དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་འཐུས་ཚབ་སྐོར་ཞིག་དང་། གཞིས་ཁུལ་མང་ཚོགས་ཀྱི་འཐུས་ཚབ་དང་སློབ་མའི་འཐུས་ཚབ་པ་གདན་ཞུ་བྱས་ནས་གྱོད་ཐོ་འགོད་པའི་ཚོམས་ཆེན་དང་འཕྲིན་བཅར་ཚོམས་ཆེན། རིག་གནས་བར་ཁྱམས་བཅས་ལ་ལྟ་སྐོར་བྱེད་དུ་བཅུག་པ་དང་། ཡུལ་དངོས་ལ་སོང་ནས་འདྲི་གཅོད་ལག་བསྟར་བྱ་བ་དང་ཁྲིམས་ཁང་དཔུང་སྡེ་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན་ལ་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག་སྟེ། ཉེ་ས་ནས་ཁྲིམས་འཛིན་གྱི་འདྲ་མཉམ་དང་བཅའ་ཁྲིམས་ཀྱི་བརྗིད་ཉམས་ཚོར་མྱོང་བྱས།
བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་དམངས་ཆེན་ལས་ཁུངས་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིནཅན་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་བཅས་ཀྱིས་སྔ་གཞུག་ཏུ་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་ཆེད་མཁས་པ་དང་རིག་གནས་པ་གདན་ཞུ་བྱས་ཏེ། རང་སྟེང་གི་སྡེ་ཁག་དང་ལས་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེད་དོན་འཆད་ཁྲིད་དང་སློབ་སྦྱོང་སྙན་ཞུ་གྲོས་ཚོགས་སོགས་སྤེལ་ནས། རྩ་ཁྲིམས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གོ་གནས་དང་རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་ནུས་པ་གལ་ཆེན་འགྲེལ་བཤད་གསལ་བོ་བྱས་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་རྩ་ཁྲིམས་བསམ་བློ་དང་རྩ་ཁྲིམས་འདུ་ཤེས་བཀོལ་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ད་དུང་ཅུའུ་ལས་ཁུངས་ཀྱི2023ལོའི་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་ཉི་ཤུ་ལ་རྩ་ཁྲིམས་བཅའ་ཁྲིམས་ཤེས་བྱའི་རྒྱུགས་བླངས་པ་དང་། ཐིན་དང་ཅུའུ་སྐོར་ཞིག་གིས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་སྐོར་ཞིག་རྩ་འཛུགས་བྱས་ནས་རྩ་ཁྲིམས་དྲིལ་སྒྲོག་དང་ལག་བསྟར་བྱེད་པར་དམིགས་ནས་སློབ་སྦྱོང་བརྗེ་རེས་བྱས་པ་དང་། མྱོང་ཚོར་གླེང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་གཞན་པས་ཀྱང་ཕུན་སུམ་ཚོགས་པའི་བརྗོད་དོན་བྱ་འགུལ་སྤེལ།
རིན་ཆེན་མཚོས་བསྒྱུར།