མཚོ་ལྷོ་ཁུལ་གྱིས་ལྟ་ཞིབ་དག་བཅོས་བྱ་བ་དམ་འཛིན་བཟང་བོ་བྱས།
2023.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཀྱི་ནུས་ཡོད་གོ་སྐབས་སུ་བྱས་པ་དང་མི་དམངས་མང་ཚོགས་ཡིད་ཚིམས་ཚད་དེ་ལྟ་ཞིབ་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཚད་གཞིར་བྱས་ལ།   གཟབ་ནན་དང་ཞིབ་ཚགས།  དངོས་ཡོད།   མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕྲིན་བཅར་ཞུ་གཏུག་ལས་དོན་ཐག་གཅོད་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་མཛེས་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཐོབ་ཚོར་དང་བདེ་ཚོར་ཇེ་དྲག་ཏུ་བཏང་།

ཆབ་སྲིད་ཀྱི་སྟེང་ནས་ལྟ་བ་དང་ཆབ་སྲིད་ཀྱི་སྟེང་ནས་སྒྲུབ་པ།  ཆབ་སྲིད་ཀྱི་སྟེང་ནས་བཅོས་སྒྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་།    བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བཟང་བོ་བྱས་ཏེ་གོང་ནས་འོག་ལ་སྣེ་ཁྲིད་ཀྱིས་ཕྱོགས་བསྡུས་སྐུལ་འདེད་བཏང་།   མཚོ་ལྷོ་ཁུལ་གྱིས་སྔ་གཞུག་ཏུ་ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས།    འཕྲིན་བཅར་ཞུ་གཏུག་གྱོད་དོན་སྒྲུབ་པའི་བྱ་བའི་སྐུལ་འདེད་གྲོས་ཚོགས།   ཁུལ་མཐུན་སྦྱོར་ཞབས་ཞུ་འགན་སྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བཅས་བསྡུས་ཏེ་བྱ་བའི་ལས་འགན་གཙོ་བོར་བཀོད་སྒྲིག་ཞིབ་མོ་བྱས།    ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་དག་འཐབ་ཕྱོགས་དང་པོར་སོང་ནས་གྱོད་དོན་གཙོ་བོར་ཆེད་དོན་སྒྲུབ་བཤེར་བྱས་པ་དང་།    སྔ་གཞུག་ཏུ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་སྡོང་ངོས་སྡེ་བ་སོགས་སུ་སོང་ནས་ལྟ་ཞིབ་ཚན་ཆུང་གིས་སྤྲད་དེ་བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གནད་དོན་གྱི་གནས་ཚུལ་ལ་ཞིབ་དཔྱད་བྱས་པར་མ་ཟད།   དག་ཐེར་ལེགས་བཅོས་བྱ་བར་མཛུབ་སྟོན་བྱས།

དུས་ཚོད་དང་པོའི་ནང་རིགས་བགར་སྒྲུབ་གཅོད་དང་ཡུལ་དངོས་སུ་སོང་ནས་ཞིབ་དཔྱད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།    ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་སྤྲད་དེ་བསྒྲུབ་ཏུ་བཅུག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་ལ་དམིགས་ནས་ཤེས་མ་ཐག་སྒྲུབ་པ་དང་མྱུར་དུ་བཅོས་སྒྱུར་བྱེད་པ།    ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ་བཅས་བྱས་ཤིང་།   གྱོད་དོན་གཅིག་ལ་འགོ་ཁྲིད་གཅིག་དང་གྱོད་དོན་གཅིག་ལ་ཆེད་དོན་འགོ་ཁྲིད་ཚན་ཆུང་གཅིག   གྱོད་དོན་གཅིག་ལ་ཞིབ་འཇུག་བྱེད་ཐབས་གཅིག   གྱོད་དོན་གཅིག་ལ་དག་ཐེར་ལེགས་བཅོས་བྱེད་ཐབས་གཅིག  གྱོད་དོན་གཅིག་ལ་ཡིག་ཚགས་གཅིག་བཅས་ཀྱི་གཅིག་ཅན་ལྔའི་བྱ་བའི་ནང་རྐྱེན་དང་དུས་མཉམ་འགན་འཁྲིའི་ནང་རྐྱེན་བཙུགས་ཏེ་དག་ཐེར་ལེགས་བཅོས་བྱས་ནས་དོན་འཁྱོལ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་།

དེའི་རྨང་གཞིའི་སྟེང་དུ།    མཚོ་ལྷོ་ཁུལ་གྱིས་ཆེད་དོན་འགོ་ཁྲིད་ཚན་ཁག་གིས་འགན་ཁུར་བ་དང་ཆེད་མིས་ཞིབ་བཤེར་བྱེད་པ།   ཆེད་མིས་རྗེས་འདེད་བྱེད་པའི་བྱ་བའི་ནང་རྐྱེན་ལག་བསྟར་བྱས་པ་དང་།     དང་ལེན་དང་སྒྲུབ་གཅོད།  ཞིབ་དཔྱད།    ཡར་ཞུ།    ཞིབ་བཤེར་གཏན་འབེབས།   ཐག་གཅོད་སོགས་ཀྱི་བྱ་བའི་བྱེད་ཐབས་བཙུགས།    རྫོང་སོ་སོས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་ལྟར།         མགྱོགས་མྱུར་ནུས་ཡོད་དང་ཁྲིམས་དང་སྒྲིག་སྲོལ་བཞིན་འཕྲིན་བཅར་ཞུ་གཏུག་གྱོད་དོན་སྒྲུབ་གཉེར་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་ཡོངས་གྲུབ་བྱས་པ་དང་།      ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོ་རང་འགུལ་གྱིས་ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཞུགས་ཤིང་། སྟོབས་ཤུགས་ཡོད་རྒུས་འཕྲིན་བཅར་ཞུ་གཏུག་གྱོད་དོན་ཐག་གཅོད་པར་གཞོགས་འདེགས་བྱས་ཏེ་ཡུན་ཕན་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས། ཟླ12པའི་ཚེས10བར་དུ།   ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་མཚོ་ལྷོ་ཁུལ་ལ་སྐོར་ཐེངས་བཅུ་གཅིག་གི་འཕྲིན་བཅར་གྱོད་དོན་ཉེར་བདུན་སྤྲད་དེ་བསྒྲུབ་ཏུ་བཅུག   དེའི་ནང་གཙོ་གནད་དོ་ཁུར་བྱེད་པའི་གྱོད་དོན་དགུ་ཡོད་དེ།  དེ་དག་སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན་བཅུ་གསུམ་དང་ས་རྒྱུའི་འབག་བཙོག་ལ་འབྲེལ་བའི་གྱོད་དོན་བཞི།   རླུང་ཁམས་ཆེན་མོའི་འབག་བཙོག་ལ་འབྲེལ་བའི་གྱོད་དོན་བཞི།  ཆུའི་འབག་བཙོག་ལ་འབྲེལ་བའི་གྱོད་དོན་གསུམ།    འཛེར་སྒྲ་དང་འབྲེལ་བའི་གྱོད་དོན་གཅིག    གཞན་པའི་འབག་བཙོག་ལ་འབྲེལ་བའི་གྱོད་དོན་གཉིས་བཅས་ཡོད།   མིག་སྔར།    ཁུལ་རིམ་པས་གྱོད་དོན་བཅུ་བཞི་ཐག་བཅད་པ་དང་གྱོད་དོན་བཅུ་གསུམ་སྒྲུབ་བཞིན་པའི་སྒང་ཡིན།    བསྡོམས་པས་ཁེ་ལས་དགུ་ལ་ཆད་པ་བཅད་པ་དང་ཆད་པ་བཅད་པའི་དངུལ་གྲངས་སྒོར་ཁྲི་ལྔ་དང་སྟོང་གསུམ་རེད།    

ལྷ་མོ་ཚེ་རིང་གིས་བསྒྱུར།