རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་ཆེད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ཞིང་ཆེན་བཅོས་སྐྱོང་ནན་མོ་བྱེད་པའི་ཨུ་ཡོན་ལྷན་ཁང་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཟླ12པའི་ཚེས4ཉིན་ནས་ཚེས་8ཉིན་བར་མཚོ་སྔོན་གྱི་བཅའ་ཁྲིམས་ཁྱབ་གདལ་སྐད་འཕྲིན་སྤྱི་སྟེགས་སུ་སྐབས་ལྔ་པའི་རྩ་ཁྲིམས་ཐད་ཀྱི་དམངས་ཡོངས་ཀྱི་འགྲན་སྡུར་བྱ་འགུལ་སྤེལ།
ཐེངས་འདིའི་འགྲན་སྡུར་བྱ་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གི་རྒྱལ་ཁབ་ལས་བྱེད་མི་སྣ་དང་སྤྱི་ཚོགས་ཀྱི་མང་ཚོགས་ལ་ཁ་ཕྱོགས་པ་དང་། དྲ་ཐོག་ནས་དྲི་བ་ཉི་ཤུ་བདམས་ནས་འགྲན་སྡུར་གྱི་རྣམ་པ་སྤྱད་དེ་སྤེལ་ལ། ནང་དོན་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། རྩ་ཁྲིམས། དམངས་དོན་སྐོར་གྱི་ཁྲིམས་གཞུང་སོགས་འདུ། བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་བཀོད་སྒྲིག་བྱས་ནས་རང་ས་ཁུལ་དང་རང་སྡེ་ཁག་གི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཐེངས་འདིའི་འགྲན་སྡུར་བྱ་འགུལ་ལ་ཞུགས་ཏེ། ཟབ་ཞུགས་ཀྱི་ཚད་དང་ཁེབས་ཚད་ལ་ཁག་ཐེག་བྱས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ། སྡོད་དམངས་མང་ཚོགས་ལང་ལོང་གིས་འགྲན་སྡུར་ཁྲོད་ཞུགས། ཟླ12པའི་ཚེས8ཉིན་བྱ་འགུལ་མཇུག་བསྡུས་པ་དང་། མི་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ལྷག་རྒྱུགས་ལེན་འགྲན་སྡུར་ལ་ཞུགས་ནས། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་མི་ཚང་མས་རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་བཀོལ་སྤྱོད། རྩ་ཁྲིམས་བརྩི་སྲིང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས།
རིན་ཆེན་མཚོས་བསྒྱུར།