མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཐེབས་རྩའི་འཁོར་རྒྱུག་གི་གདེང་འཇོག་མཇུག་འབྲས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།
2023.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་གཞུང་སྒྲུབ་ཁང་གིས2022ལོའི་སྨན་བཅོས་འགན་སྲུང་ཐེབས་རྩའི་འཁོར་རྒྱུག་གི་གདེང་འཇོག་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། དངུལ་བསྡུ་དངུལ་སྤྲོད་དང་། ཐོབ་ཐང་འགན་སྲུང་། ཐེབས་རྩའི་ལས་ཆོད། ཐེབས་རྩའི་དངུལ་ལྷག  སྨན་བཅོས་མཉམ་ལས་སོགས་ཕྱོགས་ལྔ་ནས་ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད། རང་ཞིང་གི་ཨང་རིམ་སྤྱིའི་ཆ་ནས་མདུན་གྲས་སུ་སླེབས།

དེའི་ཁྲོད། གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དཔྱད་འབྲས་སྐར་གྲངས91.4དང་། རྒྱལ་ཡོངས་ཀྱི་ཨང་དགུ་པ་ཡིན་ལ། 2021ལོ་དང་བསྡུར་ན་ཨང་རིམ22འཕར་ཡོད། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་ཐེབས་རྩའི་དཔྱད་འབྲས་སྐར་གྲངས89.9ཡིན་ལ། རྒྱལ་ཡོངས་ཀྱི་ཨང11པ་དང་། 2021ལོར་བསྡུར་ན་ཨང་རིམ14འཕར་ཡོད། རང་ཞིང་གི་གཞི་གྲངས་དངུལ་སྤྲོད་ཀྱི་ཚད་དང་ཕྱོགས་བསྡུས་དངུལ་སྤྲོད་ཚད་སོགས་རྣམ་གྲངས་དྲུག་གི་དམིགས་ཚད་ལ་སྐར་གྲངས་ཆ་ཚང་ཐོབ།

རང་ཞིང་གིས་སྨན་བཅོས་འགན་སྲུང་ཐེབས་རྩའི་འཁོར་རྒྱུག་དོ་དམ་བྱ་བ་མུ་མཐུད་སྲ་བརྟན་དང་མཐོ་འདེགས་གཏོང་བ་དང་། ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ།ཐེབས་རྩའི་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་ནན་སྲུང་།ཐེབས་རྩའི་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བཅས་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཐེབས་རྩའི་འཁོར་རྒྱུག་བྱེད་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་དང་། གདེང་འཇོག་མཇུག་འབྲས་གཞིར་བཟུང་ནས་ཆད་ལུས་ཞིབ་བཤེར་དང་ཆད་སར་ཁ་གསབ། མི་འདང་སར་ཁ་སྣོན་བྱེད་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྨན་བཅོས་འགན་སྲུང་ཐེབས་རྩ་སྐྱོན་བྲལ་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱ་དགོས།

ལྷ་མོ་འཚོས་བསྒྱུར།