མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཐབས་མང་མཉམ་སྤྱོད་བྱས་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།
2023.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཉེན་ཁ་གྲལ་བཤེར་དང་བདེ་འཇགས་ལྟ་རྟོག ལོ་སར་སྐབས་ཀྱི་ཞབས་ཞུ་འགན་སྲུང་སོགས་ཕྱོགས་ནས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་ཀའི་ཡུལ་སྐོར་དུས་ཚིགས་དང་། ལོ་སར་སྐྱེལ་འདྲེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱས།

ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། བགྲོད་ལམ་སྐྱེལ་འདྲེན་དང་གཞུང་ལམ་འཁོར་རྒྱུག བཟོ་སྐྲུན་འཛུགས་སྐྲུན། མེ་གསོད་མེ་འགོག་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་རྟོག་ལ་ཤུགས་སྣོན་རྒྱུ་རེད། རིམ་པ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཁག་གིས་རྒྱུན་མཐུད་ངང་བགྲོད་ལམ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་ཉིན་བརྒྱའི་འགུལ་སྐྱོད་དང་། སོལ་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་སོགས་ཀྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཡུལ་སྐོར་ཐད་ཀྱི་རླངས་འཁོར་ལ་གླ་གཏོང་གི་མཚོན་རྟགས་བྱང་བུ་མེད་པ་དང་། གླ་གཏོང་རླངས་འཁོར་གྱི་ལམ་ཐིག་ལྟར་ཚོང་གཉེར་མི་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། ལས་ཞུགས་མི་སྣའི་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁེ་ལས་ཀྱིས་འགུལ་རྣམ་ལྟ་རྟོག་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། དགུན་དུས་ཀྱི་གངས་འཁྱགས་གཙང་དག་གི་དཔྱད་ཞིབ་བྱ་དགའ་དང་ཆད་གཅོད་རྐྱེན་སྲོལ་འཛུགས་པ་དང་། བགྲོད་ལམ་བདག་སྐྱོང་བྱ་བའི་ཚད་གཞི་ལྟར། ཟམ་པ་དང་ཕུག་ལམ། ལ་ཐུར། དཀྱོགས་མཚམས་སོགས་དོན་རྐྱེན་འབྱུང་ཚད་མང་བ་དང་དོན་རྐྱེན་འབྱུང་སླ་བའི་ལམ་མཚམས་ཀྱི་སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེར་བསྐྱེད་པ་དང་། དུས་ཐོག་ཏུ་བདེ་འཇགས་ཉེན་ཁ་མེད་པར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འཕྲལ་བསྟུན་གེགས་མེད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

དེ་དང་མཉམ་དུ། དགུན་དུས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གྱི་རེ་བ་སྣ་ཚོགས་ལ་ཟུང་འབྲེལ་བྱེད་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་དང་ལྷག་པར་དུ་གཞུང་ལམ་ཕུག་ལམ་སོ་དྲུག་ལ་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་སྤེལ་ནས། འཛུགས་སྐྲུན་བཟོ་སྐྲུན་སྡེ་ཁག་སོ་སོས་དམིགས་བསལ་བྱ་བའི་མཆན་འགོད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། ཕུག་ལམ་སོགས་ཀྱི་དགུན་དུས་འཛུགས་སྐྲུན་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་རེད། དེར་མ་ཟད་དངུལ་བསྡུ་གཞུང་ལམ་ཞབས་ཞུ་ཁུལ་དང་འགྲུལ་སྐྱེལ་ས་ཚུགས། བཟོ་སྐྲུན་འཛུགས་སྐྲུན་བྱེད་ས། གཞུང་སྒྲུབ་ཁུལ། སློབ་གྲྭའི་སྨན་ཁང་སོགས་ཀྱི་མི་སྣ་འདུ་རུབ་བྱེད་ས་དང་ཡུལ་གནས་གཙོ་བོ་གཙིགས་སུ་བཟུང་ནས། མ་ལག་བཅོས་སྐྱོང་དང་འགོ་ཁུངས་ཀྱི་བཅོས་སྐྱོང་། གནད་ཕིགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། མེ་སྐྱོན་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་རྒྱུ་རེད། དེ་ལས་གཞན། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་འཇགས་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་ཕྱིར་བགྲོད་དགོས་མཁོ་སྐོང་བ་དང་བདེ་འཇགས་སྟབས་བདེ་ཞབས་ཞུ་འདོན་སྤྲོད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་གནས་ཚུལ་གྱི་ཁྱད་ཆོས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། སྐྱེལ་འདྲེན་སྦྲེལ་མཐུད་ལེགས་སྒྱུར་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྐྱེལ་འདྲེན་འདོན་སྤྲོད་འདང་བར་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་བདེ་འཇགས་ངང་ཕྱིར་འགྲོ་བར་འགན་སྲུང་བྱེད་པ། དངོས་ཟོག་གཙོ་བོའི་སྐྱེལ་འདྲེན་གེགས་མེད་རིམ་ལྡན་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།