མཚོ་ལྷོ་ཁུལ་གྱིས་ལྗང་སྒྱུར་ལ་བརྟེན་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ལམ།  གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་ཐཱན་ཉུང་གཏོང་དང་འབག་བཙོག་ཉུང་གཏོང་།   ལྗང་མདོག་རྒྱ་བསྐྱེད་པ་སོགས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་གནམ་སྔོན་པོ་དང་ཆུ་དྭངས་མོ།   ས་གཙང་མ་བཅས་ལ་སྲུང་སྐྱོབ་བཟང་བོ་བྱས།     མིག་སྔར།    ཁོར་ཡུག་གཙོ་བོའི་སྤུས་ཚད་དམིགས་ཚད་གནས་ཚུལ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བ་དང་འབག་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ཀྱི་གྲུབ་འབྲས་མངོན་གསལ་ཡིན་ལ།   ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།

ད་ལོར།   མཚོ་ལྷོ་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ལྗང་སྒྱུར་བྱེད་ཐབས་སྣ་མང་སྤྱད་པ་དང་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་དགུ་ཁྲི་བདུན་བཏང་ནས་སྤྱི་གླིང་ལྗང་ཁུལ་བཞི་འཛུགས་སྐྲུན་བྱས་ཏེ་གནམ་སྔོན་པོར་སྲུང་སྐྱོབ་བཟང་བོ་བྱེད་པར་ཤུགས་བསྣན།  རྨ་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ་ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་རྨ་ཆུའི་ཆུ་རྒྱུན་གཙོ་བོ་བཅུ་གསུམ་གྱི་བཙོག་ཆུ་ཞིབ་བཤེར་དང་འགོ་ཁུངས་བཅོས་སྐྱོང་བྱ་བ་དང་དཔེ་སྟོན་བྱང་བུ་འཛུགས་པའི་ལས་འགན་ཡོངས་འགྲུབ་བྱས།  རྒྱུན་རྣམ་ཅན་གྱི་དག་གཙང་མཚོ་ལྷོའི་ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ་རྨ་ཆུ་དང་མཚོ་སྔོན་པོའི་ཆུ་ལག་བཅུ་དྲུག་གི་བཞུར་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱ་བ་སོགས་ནན་མོར་སྤེལ་ནས་གད་སྙིགས་ཆུ་ནང་དུ་འཛུལ་བའི་གནད་དོན་འགོག་བཅོས་བཟང་བོ་བྱས།   ས་གཞི་དག་གཙང་གི་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་སྟེ་ས་རྒྱུའི་འབག་བཙོག་གནས་ཚུལ་གྱི་ཞིབ་བཤེར་ཡོངས་འགྲུབ་བྱས་པ་དང་།    རིགས་ཆེན་པོ་བཞིའི་ལས་གཞི་ཆུང་བ་བཅུ་གཅིག་གི་ས་རྒྱུའི་འབག་བཙོག་འགོག་བཅོས་ལས་གཞི་གསོག་འཇོག་མཛོད་བཙུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།