ཟླ12པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནོད་སྐྱོབ་དངོས་ཟོག་གསོག་འཇོག་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་ཐེབས་མང་ཚོགས་ཀྱི་རོགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་སྟེ་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་ཆེད། ཞིང་ཆེན་གནོད་སྐྱོབ་དངོས་ཟོག་གསོག་འཇོག་ལྟེ་གནས་ཀྱིས་ཟླ་ཕྱེད་རིང་འབད་འཐབ་བྱས་པ་བརྒྱུད་དེ་གྲོང་ཁྱེར་དང་ཁུལ་བདུན་ལ་དངོས་ཟོག་ཁྲི་དགུ་དང་སྟོང་ལྔ་དགུ་བརྒྱ་སྐྱེལ་འདྲེན་བྱས་ཏེ་དགུན་དཔྱིད་ཀྱི་རོགས་སྐྱོབ་དངོས་ཟོག་སྐྱེལ་འདྲེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།
ཐེངས་འདིའི་སྐྱེལ་འདྲེན་གྱིས་བཀོད་སྒྲིག་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལེགས་སྒྱུར་གྱི་རྩ་དོན་ལྟར་དངོས་ཟོག་གི་རིགས་དང་གྲངས་ཀར་གཅིག་གྱུར་བསམ་གཞིགས་བཏང་བའི་རྨང་གཞིའི་སྟེང་དུ། ལུགས་མཐུན་གྱིས་དངོས་ཟོག་དང་རླངས་འཁོར་བཀོད་སྒྲིག་བྱས་པ་དང་། སྐྱེལ་འདྲེན་གྱི་ཕན་འབྲས་མཐོ་རུ་བཏང་སྟེ་རིགས་སོ་སོའི་རོགས་སྐྱོར་དངོས་ཟོག་སྟེར་བར་འགན་སྲུང་གང་ལེགས་བྱས། ལྟ་སྐུལ་ལ་ཤུགས་བསྣན་པ་དང་བདེ་འཇགས་དོ་དམ་གཙོར་བྱས་ནས་སྐྱེལ་འདྲེན་གྱི་གོ་རིམ་ཧྲིལ་བོར་ལྟ་སྐུལ་བྱེད་པ་མངོན་འགྱུར་བྱས་ཏེ་རིགས་སོ་སོའི་དངོས་ཟོག་སྐྱེལ་འདྲེན་གྱི་རྩིས་ཁྲ་གསལ་བ་དང་གནས་ཚུལ་གསལ་བོ་ཡིན་པར་འགན་སྲུང་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བརྩེ་བ་དང་ཐུགས་ཁུར་དེ་གནོད་ཐེབས་མང་ཚོགས་རེ་རེའི་ངོས་ནས་མཚོན་པར་བྱ་རྒྱུ་རེད།
ཞིང་ཆེན་གནོད་སྐྱོབ་དངོས་ཟོག་གསོག་འཇོག་ལྟེ་གནས་ཀྱི་འགན་ཁུར་མི་སྣས་གྲང་ངར་ཆེ་བའི་ནམ་ཟླའི་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་སྒྲུབ་སྟེ་གནོད་འཚེ་བྱུང་བའི་འཕེལ་རྒྱས་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པ་དང་རོགས་སྐྱོབ་དངོས་ཟོག་གཏོང་སྤྲོད་ལ་གྲ་སྒྲིག་བཟང་བོ་བྱས་ཏེ་དྲོད་སྐྱིད་ལྡན་པར་དགུན་སྐྱེལ་བར་སྐུལ་འདེད་གཏོང་བ་དང་རང་ཞིང་གི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བཟང་བོ་བྱེད་ངེས་ཡིན་ཞེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།