མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ12པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བརྒྱད་དང་སྟོང་དགུ་ལ་སླེབས། གཞུང་ལམ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་ཐཱན་ཉུང་དེ་བརྒྱུདརིམ་ཧྲིལ་བོར་ཁྱབ་པར་བྱས་ནས། མགྱོགས་མྱུར་སྒོས་ལྗང་མདོག་གཞུང་ལམ་གྱི་དཔེ་མཚོན་དཔེ་སྟོན་གྱི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་དང་། བྲག་ལུང་འགག་ནས་གཉན་པོ་གྲོང་རྡལ་བར་གྱི་གཞུང་ལམ་དང་། གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱ་བསྐྱེད་བཟོ་སྐྲུན། རྒྱལ་ལམG569མན་ཏེ་ལ་ནས་རྟ་ཐང་གཞུང་ལམ་གྱི་ཁུ་ཐའོ་ནས་རྟ་ཐང་བར་སོགས་ལྗང་མདོག་གི་གཞུང་ལམ་དཔེ་མཚོན་བཟོ་སྐྲུན་ལེགས་འགྲུབ་བྱུང་།

ཤེས་གསལ་ལྟར། ད་ལོར་ཐེམ་ཆེན་ནས་ཚ་ཧན་ནོ་དང་། ཧོང་ཀྭ་ལིའང་ནས་མང་ངེས་སོགས་ལ་གཞུང་ལམ་རྣམ་གྲངས་དྲུག་བསྐྲུན་པ་དང་། མདོ་ལ་དང་རྐང་ཚ། ཐེམ་ཆེན། མང་ངེས་བཅས་རྫོང་བཞི་ལ་མྱུར་བགྲོད་གཞུང་ལམ་གསར་དུ་ལས། མྱུར་བགྲོད་དང་རིམ་པ་དང་པོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་སྟོང་ལྔ་ལས་བརྒལ་བའི་འཆར་འགོད་དམིགས་འབེན་ལོ་གཉིས་ཀྱི་སྔོན་ལ་མངོན་འགྱུར་བྱུང་་བ་དང་། རྫོང་དང་ཆུས་ཀྱི་གཞུང་ལམ་ལས་རིམ་པ་དང་པོའི་གཞུང་ལམ་གྱི་ཁེབས་ཚད75.6%ལ་སླེབས་པ་དང་། རྫོང་རིམ་པའི་འགག་གནད་ཚང་མར་རིམ་པ་གཉིས་པ་དང་ཡང་ན་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། སྐྱེ་ཁམས་དང་ས་གཤིས། ས་དབྱིབས་གཙོར་བཟུང་ནས་ལམ་ཐིག་གདམ་གསེས་བྱེད་པ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། ས་ཞིང་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་བྱེད་ནུས་ཁུལ་ལ་གཡོལ་ཅི་ཐུབ་བྱས་ཏེ། སྤང་ཤུན་སྲུང་སྐྱོབ་དང་ས་རྒྱུའི་འཚོལ་སྡུད་བེད་སྤྱོད་ལ་དོ་སྣང་བྱེད་པ་དང་། བཤུས་པའི་རྩྭ་ཤུན་གཅིག་བསྡུས་གསོག་འཇོག་བྱེད་པ་སོགས་ལྗང་མདོག་བཟོ་རྩལ་ཁྱབ་གདལ་གང་ལེགས་བཏང་ནས། ཚད་ཆེས་ཆེ་བའི་སྒོ་ནས་སྤང་ཤུན་དང་ས་ཞིང་ལ་གཏོར་བརླག་ཐེབས་ཚད་ཇེ་ཉུང་དུ་གཏོང་རྒྱུ་རེད།

དེ་དང་མཉམ་དུ། རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་དང་གནས་སྐབས་སྤྱད་པའི་ས་ཞིང་སླར་གསོ། བཙོག་ཆུ་དང་ཐལ་རྡུལ་གཙང་སེལ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།རྣམ་གྲངས་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་དུ་སྒྲིག་སྦྱོར་རྣམ་པའི་ཕུག་ཟམ་དང་ཟམ་པ། ཆུ་འབུད་སྒྲིག་ཆས་སོགས་བཀོལ་སྤྱོད་བྱེད་པར་སྐུལ་མ་བཏང་ནས། སྒྲིག་སྦྱོར་རྣམ་པ་དང་ལྗང་མདོག་རིག་ནུས་བསྐྲུན་པར་སྐུལ་འདེད་གང་ལེགས་བཏང་།མཚོ་སྔོན་ཞིང་ཆེན་རྒྱ་སྟེང་ནས་ཧའེ་ཡན་གཞུང་ལམ་བར་གྱི་བ་བཟའ་ཐཱན་མེད་ཞབས་ཞུའི་ཁུལ་འཛུགས་པར་ཚོད་ལྟ་དང་། ཞབས་ཞུའི་ཁུལ་གྱིས་ནུས་ཁུངས་གྲོན་ཆུང་དང་སྙིགས་རྫས་ཉུང་གཏོང་། ནུས་ཁུངས་གཙང་མའི་ཚད་མཐོའི་བེད་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་ཞབས་ཞུའི་ཁུལ་གྱི་སྟོང་ཆ་ཁ་གསབ་བྱས།མྱུར་བགྲོད་གཞུང་ལམ་གྱི་ནུས་ཁུངས་གཙང་མའི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁྱབ་ཚད་ཆེ་བའི་ཉི་འོད་ནུས་པ་དང་། ནུས་ཁུངས་གཙང་མའི་དྲོད་འདོན་སྒྱུར་བཀོད། ནུས་གསོག་གློག་ཚིགས། རིག་ནུས་ཅན་གྱི་ཚོད་འཛིན་མ་ལག ཐཱན་མེད་ཞབས་ཞུའི་ཁུལ། ཆིང་ནུས་འགྲིམ་འགྲུལ་བཅས་གཞི་གཅིག་ཏུ་བཀོལ་བའི་ནུས་ཁུངས་གཙང་མའི་ཉེར་སྤྱོད་རྣམ་གྲངས་འཛུགས་སྐྲུན་དང་། འགྲིམ་འགྲུལ་དང་ནུས་ཁུངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།