ཟླ12པའི་ཚེས16ཉིན། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་བསྡོམས་རྩིས་ཅུའུ་ཡིས་སྒྲུབ་འགན་ཁུར་བ་དང་། མཁར་ནུབ་ཁུལ་བསྡོམས་རྩིས་ཅུའུ་ཡིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཟི་ལིང་དུ་བསྡུས།
རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་རྗེས་སུ་རྒྱལ་དམངས་དཔལ་འབྱོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་གཅིག་བསྡུས་རྩིས་བཤེར་བྱེད་ཐེངས་དང་པོ་ཡིན། ཕྱོགས་ཡོངས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཡང་དག་པའི་སྒོ་ནས་དུས་རབས་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཕེལ་རིམ་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བ་མགོ་བཟང་བོར་རྩོམ་པ་དང་། བྱ་བ་བཟང་བོར་སྤེལ་བར་གཏིང་ཟབ་པའི་དོན་སྙིང་ལྡན།
ཐེངས་འདིའི་བྱ་འགུལ་གྱིས་དུས་རབས་གསར་བའི་རྒྱལ་ཁབ་ཀྱི་མ་རྩ་རྩད་ཞིབ་ནན་མོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། དྲིལ་སྒྲོག་འགྲེམ་པང་བཀོད་སྒྲིག་དང་འཕྲེད་བྱང་འགེལ་བ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བའི་གནས་ཚུལ་སྐོར་གྱི་དྲིལ་སྒྲོག་བརྙན་རིས་གཏོང་བ། དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ།
མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བས་བདེ་བླག་ངང་ཁྱབ་ཞིབ་ལས་ཁུངས་སྒྲིག་འཛུགས་དང་ཕྱོགས་བསྡུས་ཚོད་ལྟ། ས་ཁོངས་བགོས་པའི་རིས་འབྲི། ཁྱབ་བཤེར་པ་དང་ཁྱབ་བཤེར་མཛུབ་སྟོན་པའི་གདན་ཞུས། ལས་ཁུངས་རྩད་བཤེར་སོགས་དུས་རིམ་རང་བཞིན་གྱི་ལས་འགན་ཡོངས་འགྲུབ་བྱས་ཡོད། དེའི་ནང་ཁྱབ་བཤེར་གྱི་ས་ཁོངས་བགོས་པའི་རིས་འབྲིའི་བྱ་བ་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ལས་ཟླ་ཕྱེད་ཀྱིས་སྔོན་ལ་ཡོངས་འགྲུབ་བྱས་ཏེ། ཕྱོགས་ཡོངས་ནས་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ཐོབ་ཡོད་ལ། དེའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལས་ཁུངས་རྩད་བཤེར་གྱི་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད་ལ། ནོར་འཆུག་གི་ཚད་རྒྱལ་ཡོངས་ཀྱི་ཆེས་དམའ་བའི་ཚད་དུ་གནས་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་གི་གཟེངས་བསྟོད་ཐོབ་ཡོད།
ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། ཁྱབ་བཤེར་ཡུལ་དངོས་ཀྱི་ཐོ་འགོད་བྱ་བ་དེ་ཕྱོགས་ཡོངས་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། སྐབས་དེར་ཞིང་ཆེན་ཡོངས་ཀྱི་ཁྱབ་བཤེར་བྱ་བའི་མི་སྣ་སྟོང་དྲུག་དང་ལྔ་བརྒྱ་གོ་གཉིས་ཁྱབ་བཤེར་སྡེ་ཁུལ་སྟོང་དྲུག་དང་ཉིས་བརྒྱ་སོ་གཉིས་ལ་སོང་ནས། ཁྱབ་བཤེར་བྱ་ཡུལ་ཁྱིམ་ཚང་འབུམ་གཉིས་ཙམ་གྱི་གཞི་གྲངས་འཚོལ་སྡུད་ཐོ་འགོད་བྱ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།