ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས། ས་ཡོམ་ལྟེ་གནས་དང་བར་ཐག་སྤྱི་ལེ32ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་ཡོམ་ཚོར་དྲག་པོ་བྱུང་། ཞུན་ཧྭ་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྫོང་ཁོངས་ཀྱི་མང་ཚོགས་ཀྱི་སྡོད་ཁང་ཁ་ཤས་ལ་གས་སྲུབ་བྱུང་བ་དང་མི་སྣར་རྨས་ཕོག་ཡོད།
གནོད་འཚེ་ཐེབས་རྗེས། མཚོ་ཤར་གྲོང་ཁྱེར་གྱིས་མགྱོགས་མྱུར་སྒོས་ས་ཡོམ་འཕྲལ་བསྟུན་བྱེད་ཐབས་དང་གྲོང་ཁྱེར་རིམ་པའི་རིམ་པ་གསུམ་པའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས་ཏེ། བརྙན་ལམ་ནས་རྫོང་དང་ཆུའུ་དྲུག་ལ་སྐུད་འབྲེལ་བྱས་ནས་ས་ཡོམ་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་བརྡར་གཅོད་བྱས། ཞོན་ཧྭ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་འཕྲལ་བསྟུན་ཐག་གཅོད་ཚོགས་འདུ་བསྡུས་པ་དང་། ཞིབ་བཤེར་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། གནོད་འཚེའི་གནས་ཚུལ་ཡར་ཞུ་དང་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་ཟོན་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་བཟང་བོར་བསྒྲུབས། དུས་ཐོག་ཏུ་ས་ཡོམ་གྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འཕྲལ་བསྟུན་ཆེད་དོན་སྙན་ཞུ་འབྲེལ་ཡོད་རོགས་སྐྱོར་ལས་ཁུངས་དང་སྡེ་ཁག་ཏུ་བསྐྱལ་ནས་ས་ཡོམ་གནོད་འཚེའི་གནས་ཚུལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།
ཚེས19ཉིན་གྱི་ཆུ་ཚོད2དང་སྐར་མ43བར། ཤ་བོ་འགག་ཆུ་གློག་ས་ཚུགས་དང་སུའུ་ཀྲི་ཆུ་གློག་ས་ཚུགས། ཅི་ཧྲི་འགག་ཆུ་གློག་ས་ཚུགས་བཅས་ཀྱི་གློག་འཕྲུལ་གྱི་གློག་སྒོ་བརྒྱབ་པ་ལས་གཞན་ཚང་མ་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ཆུ་དཀར་མདོ་ཆུ་མཛོད་དང་ཡུང་ཧྥེང་ཆུ་མཛོད། ཏུང་ཝན་དགོན་ཆུ་མཛོད་བཅས་ཆུ་མཛོད་གསུམ་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད། རྡོ་སྦིས་བོད་རིགས་ཡུལ་ཚོ་ཉ་མོ་སྡེ་བའི་མི2ལ་རྨས་སྐྱོན་ཕོག་ནས་རྫོང་སྨན་ཁང་དུ་བསྐྱལ་བ་དང་རག་ཤུལ་མདོ་ཡུལ་ཚོ་རྡོ་རྒྱག་སྡེ་བའི་མི2ལ་རྨས་ཡང་མོ་ཕོག་པས་སྟབས་བདེའི་སྨན་བཅོས་བྱས། རག་ཤུལ་མདོ་ཡུལ་ཚོ་ཞ་ཀྲོང་སྡེ་བ་དང་རྫ་རག་སྡེ་བའི་ཁྱིམ་ཚང6གི་ཁང་མིག27ལ་རྡིབ་སྐྱོན་བྱུང་ཡོད་པ་དང་། འབྲོན་ཐང་སོགས་སྡེ་བ་གསུམ་གྱི་འཕྲིན་གཏོང་སྐུད་ལམ་ཆད་ཡོད། ཡུལ་ཚོ་ཡོངས་སུ་གནོད་འཚེ་ཕོག་པའི་ཞིང་ཁྱིམ215ཡོད།
ས་ཡོམ་བྱུང་རྗེས། མང་ཚོགས་རྣམས་རང་འགུལ་ངང་ཁོད་ཡངས་སའམ་ཡང་ན་རླངས་འཁོར་ནང་དུ་བསྡད་ནས་ངལ་གསོས་པ་དང་། རྫོང་ཁོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ཅུང་བཟང་ལ་མང་ཚོགས་ཀྱི་སེམས་ཁམས་གཏན་འཇགས་ཡིན་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་རེད།