གསར་འགོད་པས་ཀན་སུའུ་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཅི་ཧྲི་ཧྲན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། ཀ་ཇུ་ཧོས་རིགས་རང་སྐྱོང་ཁུལ་ཅི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ཟ་ལར་རིགས་རང་སྐྱོང་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བ་ལས། ཀན་སུའུ་མངའ་ཁོངས་ནས་མི་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་གྱ་དྲུག་ལ་རྨས་ཕོག ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་བར། ཡོམ་འཕྲོ་ཐེངས་སོ་གཉིས་བྱུང་བ་དང་། ཆེས་མཐོ་བ་རིམ་པ་བཞི་རེད། ས་ཡོམ་ལས་ཁང་བ་གྱན་སྟོང་བཞི་དང་བདུན་བརྒྱ་གྱ་གཉིས་ལ་གཏོརབརླག་ཐེབས་པ་དང་། གནོད་ཐེབས་གནས་ཚུལ་ལ་སྔར་ལས་དཔྱད་ཞིབ་བྱེད་བཞིན་ཡོད།
ས་ཡོམ་ལས་ཡུལ་ཚོ་དང་གྲོང་སྡེ་སྐོར་ཞིག་གི་ལམ་བརྡིབས་པ་དང་། ས་ཁོངས་སྐོར་ཞིག་ཏུ་གློག་ཆད་པ་དང་། སྡེ་བ་སྐོར་ཞིག་གི་ཁ་པར་སྐུད་ལམ་ལ་གནོད་སྐྱོན་བྱུང་། འབྲེལ་ཡོད་སྡེ་ཁག་གིས་མཚན་བརྒྱབ་ནས་ཞིག་གསོ་མྱུར་སྐྱོབ་བྱས་པས། མིག་སྔར་གཞུང་ལམ་དང་གློག་ཤུགས། འཕྲིན་གཏོང་སོགས་ཕལ་ཆེར་སླར་གསོ་བྱུང་ཡོད།
ས་གནས་རང་གི་གྲོང་རྡལ་འཕྲོད་བསྟེན་ཁང་དུ་མྱུར་སྐྱོབ་བྱེད་ས་བཀོད་སྒྲིག་བྱས་ཡོད་པ་དང་། ཁུལ་རིམ་པ་དང་རྫོང་སོ་སོའི་སྨན་ཁང་དུ་གེགས་མེད་རྒྱུ་ལམ་བཀོད་སྒྲིག་བྱས་ཡོད་ལ། དུས་ལྟར་རྨས་མ་དག་ལ་རིགས་དགར་ནས། རྨས་མ་ཡང་མོ་དག་གིས་ཉེ་སར་སྨན་བཅོས་བྱེད་པ་དང་། རྨས་ལྗིད་མོ་ཕོག་མཁན་དག་ཁུལ་དང་རྫོང་གི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས།
ཀན་སུའུ་ཞིང་ཆེན་གྱིས་ལན་ཀྲོའུ་ཀྲུང་དབྱང་གནོད་སྐྱོབ་དངོས་རྫས་མཛོད་ཁང་དང་། ཞིང་ཆེན་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཁང་། ཁུལ་རིམ་པའི་འཕྲལ་མྱུར་དངོས་རྫས་གསོག་འཇོག་ཁང་བཅས་ནས་དུས་ལྟར་སྐྱེལ་འདྲེན་བྱས་པའི་རྒུད་སྐྱོབ་དངོས་རྫས་སྐོར་ཁག་དང་པོ་གནོད་ཐེབས་ས་ཁུལ་དུ་བསྐྱལ་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས།