མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཆེད་སྤྱོད་རྒུད་སྐྱོབ་མ་དངུལ་སྒོར་ས་ཡ་གཅིག་བཏང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས།
2023.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ12པའི་ཚེས18ཉིན་གྱི་དུས་ཚོད23དང་སྐར་མ59སྟེང་དུ།   ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་སྟེ།   མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་མིན་ཧོ་རྫོང་དང་ཞོན་ཧྭ་རྫོང་གི་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས།

གནོད་འཚེ་བྱུང་རྗེས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཅིན་ཀྲའེ་ཡིས་མྱུར་དུ་མཚོ་ཤར་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ལ་ཁ་པར་བཏང་ནས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་དམིགས་བསལ་གྱི་དོན་རྐྱེན་ལ་དམིགས་བསལ་གྱི་བྱེད་ཐབས་དང་བྲེལ་མྱུར་དོན་རྐྱེན་ལ་བྲེལ་མྱུར་གྱི་བྱེད་ཐབས་སྤྱད་དེ་མྱུར་མོར་མིན་ཧོ་རྫོང་དང་ཞོན་ཧྭ་རྫོང་གཉིས་ལ་སོ་སོར་ཆེད་དོན་གནོད་སྐྱོབ་མ་དངུལ་སྒོར་འབུམ་ལྔ་རེ་བྱིན་པ་དང་།  བསྡོམས་པས་སྒོར་ས་ཡ་གཅིག་བྱིན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལ་གནོད་འཚེའི་གནས་ཚུལ་སྙན་ཞུ་བྱས་ཏེ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རྒུད་སྐྱོབ་རོགས་སྐྱོར་བརྩོན་ལེན་བྱས།   དེར་མ་ཟད།  རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཏུ།   ཡོམ་འགོག་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་པས་བསྟན་དོན། ད་རུང་མུ་མཐུད་དུ་གནོད་ཁུལ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ་ལས་བྱེད་མང་ཚོགས་ཀྱི་དགོས་མཁོར་ཨ་ལན་སྟེར་བ་དང་ཡོམ་འགོག་རྒུད་སྐྱོབ་བྱ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཤ་བོ་གསེར་མཚོས་བསྒྱུར།