ཅི་ཧྲི་ཧྲན་གྱི་རིམ་པ6.2ཀྱི་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་བཀོད་སྒྲིག་ལྟར། མྱུར་དུ་འགུལ་སྐྱོད་སྤེལ་ཏེ་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱས་པ་དང་བྱ་བའི་ཚན་ཆུང་མངགས་ཏེ་སྨན་རྫས་བདག་གཉེར་ཁེ་ལས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་གནོད་ཐེབས་ས་ཁུལ་གྱི་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཁྲོམ་རའི་བདག་གཉེར་གཙོ་གཞི་གཏན་འཇགས་དང་གོ་རིམ་ལྡན་པར་འགན་སྲུང་བྱས་པ་དང་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས།
ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མགྱོགས་མྱུར་སྒོས་མཚོ་སྔོན་ཧྥུའུ་ཁང་དང་མཚོ་སྔོན་ཁང་ཉིང་སོགས་སྨན་རྫས་བདག་གཉེར་ཁེ་ལས་བཅུ་གཉིས་དང་ཅུའུ་ཁོངས་གཏོགས་སྡེ་ཁག་གིས་འཕྲལ་བསྟུན་དངོས་རྫས་ཞལ་འདེབས་འབུལ་བར་རྩ་འཛུགས་བྱས་ཏེ་ཟླ12པའི་ཚེས20ཉིན་གནོད་ཐེབས་ས་ཁུལ་དུ་སོང་ནས་སྐོར་དང་པོའི་སྤྱིའི་རིན་ཐང་སྒོར་འབུམ་ལྔ་དང་ཁྲི་དྲུག་ཡིན་པའི་རས་གུར་དང་དྲོད་ལེན་སྒྲིག་ཆས། སྲིང་བལ་གྱི་ལྭ་སོགས་གྲང་འགོག་དངོས་རྫས་དང་འཕྲལ་བསྟུན་ཟས་རིགས་དང་སྨན་རྫས་དག་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀོན་ཐིན་གྲོང་རྡལ་དུ་བསྐྱལ་ཏེ་གནོད་འགོག་རྒུད་སྐྱོབ་བྱ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོབ་བྱས།
དེ་དང་མཉམ་དུ། ས་གནས་དེ་གའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཀྱི་སྤུས་ཚད་ཐད་ཀྱི་ལྟ་སྐུལ་དོ་དམ་དང་མཁོ་འདོན་འགན་སྲུང་སོགས་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱས།
གོ་རིམ་རྗེས་མར། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ་དང་། ཕྱོགས་མང་པོར་སྦྲེལ་མཐུད་མཐུན་སྦྱོར་སྒོས་རོགས་སྐྱོར་རྒྱུ་ནོར་བསྡུ་རུབ་བྱས་ཏེ་གནོད་འགོག་རྒུད་སྐྱོབ་བྱ་བར་སྨན་རྫས་ལྟ་སྐུལ་དོ་དམ་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།