མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཅི་ཧྲི་ཧྲན་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་བའི་འཕྲལ་བསྟུན་ཐག་གཅོད་བྱ་བ་ལེགས་པར་བསྒྲུབས།
2023.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ12པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅི་ཧྲི་ཧྲན་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་རྗེས། ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧུ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་སུ་ཚད་མི་འདྲ་བའི་མི་སྣ་ཤི་རྨས་དང་ཁང་པར་གཏོར་སྐྱོན་ཐེབས་པའི་གནས་ཚུལ་ལ་བསྟུན་ནས་དུས་ཚོད་དང་པོའི་ནང་བྱ་བའི་ཚན་ཆུང་བཙུགས་ནས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་འདོམས་མཐུན་སྦྱོར་དང་རོགས་སྐྱོབ་དངོས་རྫས་བཀོད་སྒྲིག་བྱེད་པ། གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ནས་གནོད་ཐེབས་རྗེས་ཀྱི་རོགས་སྐྱོར་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབས།

རོགས་སྐྱོབ་བྱ་བ་སྤེལ་བའི་ཚུན་དུ། ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ཀྱི་མི560ལྷག་དང་འཕྲུལ་ཆས་སྒྲིག་ཆས་260ལྷག་མིན་ཧུ་རྫོང་ཀྲུང་ཁྲོན་ཡུལ་ཚོ་དང་ཀོན་ཐིན་གྲོང་རྡལ་སོགས་སུ་མངག་ཏེ་འཕྲལ་བསྟུན་རོགས་སྐྱོབ་བྱ་བ་སྤེལ།   མྱུར་བར་མཁོ་བ་དང་གོ་ཆོད་པ། བེད་སྤྱོད་ཡོད་པའི་རྩ་དོན་ལྟར་དུས་ཐོག་ཏུ་སྤྱི་ཚོགས་རོགས་སྐྱོབ་རུ་ཁག་གི་མི་བརྒྱ་ལྷག་ཡུལ་དངོས་སུ་མངགས་ནས་མི་སྣ་འཚོལ་སྐྱོབ་དང་ཡུལ་དངོས་སུ་གློག་འཐེན་པ། གནོད་སྐྱོན་ཚད་ལེན། བར་སྣང་སྐོར་ཞིབ་སོགས་ཀྱི་བྱ་བ་བསྒྲུབས། གློག་ཤུགས་དང་འཕྲིན་གཏོང་། གཏེར་རི། ལམ་གྱི་འགྲིམ་འགྲུལ་སོགས་ལས་རིགས་སྡེ་ཁག་གི་ཆེད་ལས་རོགས་སྐྱོབ་ཀྱི་མི་སྟོང་གཉིས་ལྷག་དེའི་ཁྲོད་ཞུགས་པ་དང་། ཀན་སུའུ་ཞིང་ཆེན་དུ་རྒྱལ་ཁབ་གཏེར་རི་རོགས་སྐྱོབ་རུ་ཁག་གི་མི་སོ་དྲུག་མངགས་པ་དང་སྒྲིག་ཆས་ཁ་ཚང་གྱ་ལྔ། གྱེན་འཕུར་གནམ་གྲུ་གཅིག་བཅས་རོགས་སྐྱོབ་ཁྲོད་ཞུགས།

ཞིང་ཆེན་འཕྲལ་བསྟུན་ཐིན་གྱིས་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་དངོས་རྫས་སྣ་ཚོགས་བཞི་ཁྲི་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་བསྐྱལ། ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་ཀྲུང་དབྱང་དང་ཞིང་ཆེན་གྱི་སྒོར་དུང་ཕྱུར་གཅིག་མཚོ་ཤར་གྲོང་ཁྱེར་དུ་བཀོལ་ནས་འཚོལ་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་པ། མང་ཚོགས་ཀྱི་ཁང་པ་ཞིག་གསོ་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་བཟང་པོར་བསྒྲུབས། སི་ཁྲོན་དང་པེ་ཅིང་། ཧྲན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་འབྲེལ་ཡོད་ཁེ་ལས་ཀྱིས་ཞིང་ཆེན་འཕྲལ་བསྟུན་ཐིན་བརྒྱུད་ནས་གནོད་ཐེབས་ས་ཁུལ་དུ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བྱིན་པ་དང་། དངོས་ཟོག་རིགས་སོ་སོ་མྱུར་མོར་གནོད་ཐེབས་མི་སྣའི་ལག་ཏུ་འབྱོར་བར་བྱས་ནས་གནོད་ཐེབས་མང་ཚོགས་ལ་ཟ་མ་ཟ་རྒྱུ་ཡོད་པ་དང་ལྭ་བ་གོན་རྒྱུ་ཡོད་པ། སྡོད་ཁང་ཡོད་པར་འགན་སྲུང་བྱས།

མི་ཕམ་མགོན་པོས་བསྒྱུར།