ཉེ་སྔོན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས་སྤུས་འདེགས་གྲངས་བརྟན་དང་ཕྲེང་འབྲེལ་ཁ་གསབ། ཕྱིར་གཏོང་རྒྱ་སྐྱེད་པ་གཙིགས་འཛིན་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སའི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱེད་པ་བྱེད་ཐབས་སུ་བྱས་ནས། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། དུས་ཚིགས་སྔོན་མ་གསུམ་ལ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རིན་གྲངས་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་དྲུག་ས་ཡ་གཅིག་ལ་སླེབས་ནས། བརྒྱ་ཆའི་བཞི་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་།
མཚོ་བྱང་གིས་ཁྲི་སྟོང་བརྒྱ་བཅུའི་རྒྱུད་བཟང་གསོ་སྤེལ་རྟེན་གཞི་བཅོ་ལྔ་བཙུགས་པ་དང་། ནོར་གནག་དང་བོད་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་རེ་བདུན་བཙུགས། ཁུལ་དང་རྫོང་གིས་ནོར་སྲིད་མ་དངུལ་དང་སྡོད་དམངས་ཀྱི་ཉི་འོད་ནུས་པའི་ཁ་གསབ་མ་དངུལ་བཅས་བསྡོམས་པས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་གྲབས་གསོག་བྱས་ནས། ཕྱུགས་ཟོག་བཤས་གཏོང་བྱ་དགའི་ཁ་གསབ་ལག་བསྟར་བྱས་པ་དང་། གསོ་སྤེལ་ཁྱིམ་ཚང་གི་ཕྱུགས་ཟོག་བཤས་གཏོང་བྱེད་པའི་བརྩོན་སེམས་ཆེ་རུ་སྐྱེད། མིག་སྔའི་བར་དུ། ནོར་ལུག་ས་ཡ་གཅིག་དང་འབུམ་བདུན་ཁྲི་དགུ་སྟོང་དྲུག་དགུ་བརྒྱ་བཤས་གཏོང་བྱས་པ་དང་། དེ་ལོ་ཧྲིལ་བོའི་ལས་འགན་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་བདུན་དྲུག་བརྒལ་ཡོད། དངོས་རྫས་གསུམ་དང་ཚོང་རྟགས་གཅིག་གི་ར་སྤྲོད་ཐོ་འགོད་བྱས་པའི་ཞིང་ཕྱུགས་ཐོན་རྫས་བརྒྱ་དང་བཅུ་གསུམ་ལ་སླེབས་ནས། ཐོན་རྫས་གཙོ་བོའི་ཚོང་རྟགས་ཐོ་འགོད་ཡོངས་སུ་ཁེབས་པར་བྱས་ལ། མདོ་ལའི་བོད་ལུག་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཀྱི2023ལོའི་ཞིང་ལས་ཚོང་རྟགས་སྤུས་ལེགས་སྐྱེད་སྲིང་གི་མིང་ཐོའི་ཁྲོད་ཚུད་པའི་ཚོང་རྟགས་གཅིག་པུ་ཡིན་ལ། རྐང་ཚའི་བོད་ལུག་དེ་རྒྱལ་ཡོངས་ཀྱི་རྫོང་གཅིག་ལ་ཁྱད་ཆོས་གཅིག་གི་ཀྲུང་གོའི་ཚོང་རྟགས་ཀྱི་དཀར་ཆག་ཁྲོད་ཚུད།
མཚོ་བྱང་ཁུལ་གྱིས་མིན་ཡོན་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ར་བ་དང་མདོ་ལའི་རྒྱལ་ཁབ་རིམ་པའི་བོད་ལུག་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་སྟོབས་ཁུལ། རྐང་ཚ་རྒྱལ་ཁབ་རིམ་པའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་བསྐྱོད་ཁུལ། མདའ་བཞི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་བྱས། མཚོ་བྱང་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ར་བ་དེ་ཞིང་ཆེན་ཡོངས་ཀྱི་བོད་ལུག་དང་ནོར་གནག་རྒྱུད་བཟང་ཕྱིར་གཏོང་རྟེན་གཞི་རུ་གྱུར། ཁུལ་ཡོངས་སུ་ཁུལ་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་ཞེ་བཞི་ངོས་འཛིན་བྱས་པ་དང་། རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་སུམ་བརྒྱ་དང་ཉེར་གཉིས་སྐྱེད་སྲིང་བྱས་ལ། ཁྱིམ་ཚང་གི་ཕྱུགས་ར་བཞི་བརྒྱ་དང་བདུན་བཙུགས།
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཚན་རྩལ་ར་བ་བཞི་བཙུགས་པ་དང་། ཚན་རྩལ་རིགས་ཀྱི་ཁེ་ལས་བཅུ་བཞི་དང་མཐོ་གསར་ལག་རྩལ་ཁེ་ལས་གསུམ། ཚན་རྩལ་ཆེད་མངག་མི་སྣའི་བྱ་བའི་ས་ཚུགས་བཅུ་སྐྱེད་སྲིང་བྱས། མདོ་ལ་རི་བོའི་བོད་ལུག་དང་ནོར་གནག་རྒྱུད་འཛིན་ཐོན་ཁུངས་ཞིབ་དཔྱད་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། སྦྲུམ་མང་རིགས་ཀྱི་བོད་ལུག་འདེམ་གསོ་ཐད་ནས་ཁྱུ་གཙོ་བོ་གསུམ་དང་གསོ་སྤེལ་ཁྱུ་དྲུག་བཙུགས་ལ། ཁྱུ་ཚོགས་ཀྱི་གཞི་ཁྱོན་ཕྱུགས་ཟོག་སྟོང་གསུམ་དང་བརྒྱད་བརྒྱར་སླེབས་ཡོད། བསྡོམས་པས་ཞིང་ཆེན་རིམ་པའི་བྱ་དགའ་སུམ་ཅུ་ལྷག་ཐོབ་པ་དང་། རིགས་མི་འདྲ་བའི་ཆེད་ཁེ་བརྒྱ་དང་ལྔ་བཅུ་ཡོད་ལ། ཞིང་ཕྱུགས་ཚན་རྩལ་གྱི་གྲུབ་འབྲས་བཅུ་དྲུག་བསྒྱུར་བ་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཡར་ཐོན་བྱས་རྗེས་གྲངས་ཚད་བརྒྱ་ཆའི་དྲུག་ཅུར་སླེབས།
རིན་ཆེན་མཚོས་བསྒྱུར།