མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས།
2023.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོང་ར་ལྟ་སྐུལ་དོ་དམ་འགན་ནུས་དེ་ཞིང་ཆེན་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱུན་ཆད་མེད་པར་སྲིད་གཉེར་ཞབས་ཞུ་ལེགས་སྒྱུར་དང་། ལམ་ལུགས་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་གཏོང་བ། འགན་ནུས་ཞབས་ཞུའི་བར་སྟོང་རྒྱ་བསྐྱེད་པ་བཅས་བྱས་ལ། མུ་མཐུད་དུ་ནུས་ཤུགས་གང་མང་བཏོན་ཏེ་དཀའ་ཁག་སེལ་ཐུབ་བྱས་པས། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་གཙོ་གཞི་རྒྱུན་ཆད་མེད་པར་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་འཇགས་བྱ་བར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ལྷོད་གཡེང་སྟབས་བདེ་དང་། སྒོ་འབྱེད་བཟོད་སྒོམ། དྲང་བཞག་འགྲན་རྩོད་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན།

བསྡུས་གྲུབ་ཞབས་ཞུས་ཚོང་གཉེར་གཙོ་གཞི་སྒྲུབ་པའི་བྱེད་ནུས་ཇེ་མཐོར་བཏང་སྟེ། ཚོང་གཉེར་གཙོ་གཞི་སྒྲུབ་པའི་དོན་དག་གཅིག་ཐེངས་གཅིག་ལ་ཐག་གཅོད་པའི་སྟབས་བདེ་ཅན་གྱི་བཅོས་སྒྱུར་ལག་བསྟར་བྱས་པ་དང་། ཚོང་གཉེར་གཙོ་གཞི་སྒྲུབ་པའི་དུས་ཡུན་ཉིན་གཉིས་ལ་ཇེ་ཐུང་དུ་བཏང་། ཚོང་གཉེར་གཙོ་གཞིའི་མུ་འབྲེལ་ཞབས་ཞུ་མེད་པར་བཟོས་ཏེ་བསྡུས་གྲུབ་ཅན་གྱི་བྱ་བའི་རྐྱེན་སྲོལ་གསར་དུ་བཙུགས་པ་དང་།  ཚོང་གཉེར་གཙོ་གཞི་དེ་དྲ་ལམ་འཚོལ་བཤེར་དང་། དུས་མཉམ་མཛུབ་སྟོན། ཆ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་ཐག་གཅོད་བཅས་ཀྱི་བཅོས་སྒྱུར་མངོན་འགྱུར་བྱས།

སྒེར་སྡེམ་ལ་རྒོལ་བ་དང་ཚུལ་མིན་གྱི་འགྲན་རྩོད་ལ་རྒོལ་བའི་ཁྲིམས་བསྟར་བྱ་བར་ཤུགས་སྣོན་བྱས་ཏེ། དྲང་བཞག་འགྲན་རྩོད་ཀྱི་ཆེ་ཕྱོགས་སྣེ་ཁྲིད་དང་། སྡེ་ཁག་མཉམ་བཅོས། སྤྱི་ཚོགས་ལྟ་སྐུལ། ཐུན་མོང་སྐུལ་འདེད་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས། ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་བཅོས་སྐྱོང་བྱ་བའི་ཡུན་ཕན་རྐྱེན་སྲོལ་མུ་མཐུད་གཏིང་ཟབ་ཏུ་སྤེལ།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་དང་རང་བཤེར་ལས་སྒྲིག་འགལ་དངུལ་བསྡུ་གནད་དོན་སོ་བདུན་ཤེས་རྟོགས་བྱུང་བ་དང་། མང་བསྡུ་བྱས་པའི་དངུལ་གྲངས་སྒོར་བྱེ་བ་གཅིག་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་བཞི་བརྒྱ་རྩད་ཆོད་ནས།  མང་བསྡུ་བྱས་པའི་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་བརྒྱད་སུམ་སྟོང་ཉིས་བརྒྱ་ཕྱིར་སྤྲོད་དུ་བཅུག་པ་དང་། སྒོར་ས་ཡ་བཞི་འབུམ་དགུ་ཁྲི་དྲུག་དང་སུམ་སྟོང་སུམ་བརྒྱ་གཞུང་བཞེས་བྱས་ཤིང་། སྒོར་འབུམ་གཅིག་ཁྲི་བརྒྱད་དང་ལྔ་སྟོང་ཉིས་བརྒྱ་ཡི་ཆད་པ་བཅད། སྒེར་སྡེམ་ལ་རྒོལ་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཁུངས་སྣེ་འཚོལ་ཞིབ་ཤུགས་དྲག་ཏུ་བཏང་བ་དང་། ཞུ་གཏུག་ཁུངས་སྣེ་སོགས་ལ་བརྟག་དཔྱད་དང་ཕྱིར་ལན་སྤྲོད་ཀྱིན་ཡོད།


                                                                                         རིག་འཛིན་སྒྲོལ་མས་བསྒྱུར།