ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཅི་ཧྲི་ཧྲན་རྫོང་དུ་རིམ་པ6.2ས་ཡོམ་བྱུང་རྗེས། མཚོ་ཤར་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ནགས་ར་དང་རང་བྱུང་སྲུང་སྐྱོབ་ཁུལ། ནགས་ཚལ་སྤྱི་གླིང་སོགས་ཁུལ་ཁོངས་ཀྱི་བགྲོད་ལམ་དང་དོ་སྲུང་སྡོད་ཁང་། གྱང་ར། འཕྲིན་གཏོང་། གློག་ཤུགས་སོགས་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས། རྒྱལ་ཁབ་ནགས་རྩྭ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་དུས་ཐོག་ཏུ་འཕྲལ་བསྟུན་ཐག་གཅོད་ཆེད་དོན་ཚན་ཁག་བཙུགས་ནས་འཕྲལ་བསྟུན་རོགས་སྐྱོར་སྔོན་ཇུས་ལག་བསྟར་བྱས་པ་དང་། གནོད་འགོག་རྒུད་སྐྱོབ་དངོས་རྫས་མགྱོགས་མྱུར་བཀོད་གཏོང་བྱས་ཏེ་གནོད་ཐེབས་ས་ཁུལ་གྱིས་གནོད་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པར་རྒྱབ་སྐྱོར་བྱས།
ཐེངས་འདིའི་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་མཚོ་ཤར་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པའི་གནོད་འགོག་དངོས་རྫས་ཀྱི་སྤྱིའི་རིན་གོང་སྒོར་ས་ཡ་གཅིག་ལྷག་ཡིན་པ་དང་། དེའི་ནང་ལྟ་ཞིབ་ཚད་ལེན་གྱི་མི་བསྡད་མེད་པའི་གནམ་གྲུ་གཅིག་དང་གློག་འདོན་འཕྲུལ་ཆས་ལྔ། འཁོར་སྐར་ཁ་པར་གཅིག་སོགས་འདུས། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་མཚོ་ཤར་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པའི་གནོད་འགོག་དངོས་རྫས་ཀྱི་སྤྱིའི་རིན་གོང་སྒོར་འབུམ་ལྔ་ལྷག་ཡིན་པ་དང་། དེའི་ནང་གྲང་འགོག་འབར་འགོག་ལྭ་རིང་ལྔ་བརྒྱ་སུམ་ཅུ་དང་སྲིང་བལ་གྱི་རས་གུར་ཉི་ཤུ། སྲིང་བལ་གྱི་ལག་ཤུབ་སྟོང་བཞི། མེ་འགོག་ལྭ་བ་བརྒྱ་དང་ལྔ་བཅུ་སོགས་འདུས།
ཟླ12པའི་ཚེས21ཉིན། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་རོགས་སྐྱོར་དངོས་རྫས་ཚང་མ་གནོད་ཐེབས་ཁུལ་དུ་འབྱོར་ཡོད་པ་དང་། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་བླང་བྱ་ལྟར། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་མཚོ་ཤར་གྲོང་ཁྱེར་ནགས་རྩྭ་ཅུའུ་ལ་མཛུབ་སྟོན་བྱས་ཏེ་རོགས་སྐྱོར་དངོས་རྫས་ཀྱི་གཅིག་གྱུར་མཐུན་སྦྱོར་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རོགས་སྐྱོར་དངོས་རྫས་ཡོད་ཚད་གནོད་ཐེབས་ཁུལ་དུ་བཀོད་གཏོང་བྱེད་པར་འགན་སྲུང་བྱས། མིག་སྔར་དངོས་རྫས་ཡོད་ཚད་གནོད་ཐེབས་རྒྱལ་དབང་ནགས་ར་དང་སྐྱེ་ཁམས་དོ་སྲུང་བའི་ལག་ཏུ་འབྱོར་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།