མིག་སྔར། ཀྲུང་གོ་ནུས་གྲོན་གོ་ཀྲིན་བཟོ་སྐྲུན་ཚད་ཡོད་ཀུང་ཟིས་འཛུགས་འགན་ཁུར་བའི་ཟི་ལིང་ཧོང་ལི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་བསྐྲུན་ནས་ཆུ་ཤར་གཏོང་བྱས་པ་དང་། འདི་ནི་རང་ཞིང་གི་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ་རེད།
ཉིན་ཤས་སྔོན་གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། གྲོང་ཁྱེར་ནང་གི་བཙོག་ཆུ་དྲ་ར་སྦོམ་པོ་དང་དྲ་ར་ཞིབ་མོ། སྐྱེ་དངོས་རྫིང་བུ་བཅས་ལས་རིམ་རེ་རེ་བརྒྱུད་རྗེས་ཆུ་དྭངས་མོར་འགྱུར་ལ། རྫིང་འགྲམ་ནས་ལངས་རུང་དྲི་ངན་ཅི་ཡང་བྲོ་རྒྱུ་མི་འདུག
ཟི་ལིང་གྲོང་ཁྱེར་ཙོང་ཆུ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭས་དམིགས་བསལ་གྱི་ཆུ་དབུགས་ལ་བརྟེན་ནས་འདམ་འབུད་སྟངས་དང་སྐྱེ་དངོས་ཕྲ་རབ་ཀྱི་འབུ་ཕྲ་ལེགས་ཤོས་སྤྱད་དེ། བཙོག་ཆུ་གཙང་བསྒྱུར་ལག་རྩལ་སྔར་ལས་ལེགས་བསྒྱུར་བྱས་ནས་འཁོར་རྒྱུག་ཕན་འབྲས་དང་ལས་ཆོད་མཐོར་འདེགས་གང་ལེགས་གཏོང་བཏང་ནས། ཟི་ལིང་གྲོང་ཁྱེར་གྲོང་ཁུལ་གྱི་བཙོག་ཆུ་གཙང་བསྒྱུར་ནུས་པ་ཇེ་མཐོར་བཏང་སྟེ་ཙོང་ཆུའི་ཆུ་ཁོངས་ཁོར་ཡུག་ལེགས་བཅོས་བྱེད་པར་སྐུལ་འདེད་ནུས་པ་གང་ལེགས་ཐོན་ཡོད།
ཀྲུང་གོ་ནུས་གྲོན་གོ་ཀྲིན་བཟོ་སྐྲུན་ཚད་ཡོད་ཀུང་ཟིའི་གཞི་གྲངས་ལྟར་ན། སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭའི་འཛུགས་སྐྲུན་རྣམ་པ་དེ་སྲོལ་རྒྱུན་གྱི་ངར་ལྕགས་རྣམ་པ་དང་མི་འདྲ་བར་སྤྱིའི་གྲུབ་ཚུལ་ལ་སྔོན་བཅོས་ལུགས་ཀྱི་སྒྲིག་སྦྱོར་བྱ་ཐབས་སྤྱད་དེ་ལས་ཡུན80%ཇེ་ཐུང་དུ་བཏང་། ས་འཛུགས་ལས་གྲྭ་ཉུང་བའི་རྐྱེན་གྱིས་སའི་ཟིན་ཚད60%གྲོན་ཆུང་བྱེད་ཐུབ། གཞན་རྣམ་གྲངས་འདིར་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་ཚད75.4%དང་།འཁོར་སྒམ་བསྐྱར་བཀོལ་ཚད100%ལ་སླེབས་ཤིང་། བེད་སྤྱོད་ཚད་ལོ50ཡན་རེད།
རྒྱུས་ལོན་པ་ལྟར་ན། རྣམ་གྲངས་འདི་ནི་རང་ཞིང་གི་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ་ཡིན་ལ། སྤྱིའི་མ་གཏོང་ཚད་སྒོར་དུང་ཕྱུར8.6དང་། ཏུན་ཁྲི2ཅན་གྱི་སྙོམ་གསོག་ནུས་པའི་སྙོམ་གསོག་རྫིང་བུ་གཅིག་དང་། ཉིན་རེར་སྨི་རྒྱ་དཔངས་འབུམ་གཅིག་ཅན་གྱི་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་ཆས་གཅིག་བཅས་བསྐྲུན་པ་དང་། ཆུ་འདོན་ཚད་རིམ་པ་དང་པོའི་ཕྱིར་གཏོང་ཚད་གཞིར་སླེབས་པ་དང་། མི་ས་ཡ་གཅིག་དང་འབུམ་ལྔའི་བཙོག་ཆུ་གསོག་པའི་ཁྱབ་ཁོངས་ལ་ཞབས་ཞུ་བསྒྲུབ་ཐུབ་ལ། དེ་ནི་རྒྱལ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ་དང་། ཆེས་ཆེ་བའི་སྒྲིག་སྦྱོར་རྣམ་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ། འཛུགས་སྐྲུན་ལས་ཡུན་ཆེས་ཐུང་བའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ། EPC+Oདངུལ་བསྡུ་རྣམ་པ་སྤྱད་ནས་བསྐྲུན་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ཐོག་མ་བཅས་རེད།
ལྷ་མོ་འཚོས་བསྒྱུར།