མཚོ་ནུབ་ཁུལ་གྱིས་བྱེད་ཐབས་མང་བོ་སྤྱད་དེ་གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་བསྒྲུབས།
2023.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་བསྒྲུབས་པ་དང་། རང་བྱུང་གནོད་འཚེའི་ཐག་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་ཆེད། བསྟུད་མར་ཉིན་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པ་དང་། བྱེད་ཐབས་མང་བོ་སྤྱད་དེ། གཟན་རྩྭའི་མཁོ་འདོན་ལ་ཤུགས་བསྣན་པ་དང་གཟན་རྩྭའི་གསོག་འཇོག་བྱེད་ཐབས་དངོས་འབེབས་བྱེད་པ། ཕྱུགས་ཟོག་གསོ་ཁ་ནས་འབུད་པ་དམ་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཕྱུགས་ཟོག་དག་བདེ་འཇགས་ངང་དགུན་སྐྱེལ་བར་འགན་སྲུང་བྱས་ཐོག་གནོད་འགོག་ཕྱུགས་སྐྱོབ་ལ་ཤུགས་སྣོན་པའི་ནུས་པ་སྔར་ལས་སྲ་བརྟན་དུ་བཏང་།

ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་ཟོལ་མེད་ཀྱིས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་ཤིང་། གནོད་འཚེ་ཆུང་བ་འགོག་ཐབས་མང་བ་དང་། གནོད་འཚེ་ཆེན་པོ་འགོག་ཐུབ་པ། གནོད་འཚེ་བྱུང་ན་གནོད་འཚེ་འགོག་པ། གནོད་འཚེ་མེད་ན་ཕྱུགས་ཟོག་སྲུང་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་པར་སྐུལ་མ་གཏོང་བ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་དང་བསམ་བློའི་ངོས་ཟིན། བྱ་བའི་བྱེད་ཐབས། དངོས་ཟོང་གི་གསོག་འཇོག་བཅས་ལ་འགན་སྲུང་བྱེད་དགོས། འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་མཉམ་འབྲེལ། འཁོར་སྐྱོད་འཕེལ་རྒྱས་བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་ལ་རྐང་འཛུགས་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པ། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་བ་ཚྭ་ཅན་གྱི་ཞིང་སའི་ལེགས་སྒྱུར་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས། དེའི་ཞོར་དུ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་གནོད་འགོག་འཕྲལ་སྒྲུབ་གཟན་རྩྭའི་གསོག་འཇོག་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་བྱིན་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་དང་མང་ཚོགས་ཀྱིས་རང་གསོག་བྱེད་པའི་ཐབས་ལ་བརྟེན་ནས་གཟན་རྩྭའི་གསོག་འཇོག་ཤུགས་ཚད་ཇེ་ཆེར་བཏང་ཡོད་ལ། འཆར་གཞི་ལྟར་གཟན་རྩྭ་ཏུན་སྟོང་བདུན་དང་སུམ་བརྒྱ་ཞེ་གཉིས་གསོག་འཇོག་བྱས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་འབྲོག་པར་སྣེ་ཁྲིད་བྱས་ནས་ཕྱུགས་ཟོག་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ཕྱུགས་ཟོག་གསོ་ཁ་ནས་འབུད་ཚད་ཇེ་ཆེར་གཏོང་བ། དགུན་དཔྱིད་ཀྱི་རྩྭ་ས་དང་དགུན་ཁའི་གཟན་རྩྭའི་གསོག་འཇོག་གི་གནོན་ཤུགས་ཇེ་ཡང་དུ་བཏང་ཡོད། ནོར་ལུག་གསོ་ཁ་ནས་འབུད་པའི་གནད་འགག་གི་དུས་སྐབས་དམ་འཛིན་བྱེད་པ་དང་། ཕྱུགས་ཟོག་ཉིན་རེ་བཞིན་བཀོད་གཏོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཕྱོགས་ཡོངས་ནས་ནོར་ལུག་གསོ་ཁ་ནས་བུད་དེ་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་སྟེ་ཕན་ནུས་ལྡན་པའི་སྒོ་ནས་ཕྱུགས་ལས་ཀྱི་གཏན་འཇགས་འཕེལ་རྒྱས་ལ་ཡར་སྐུལ་བྱས།  མིག་སྔའི་བར་དུ། ཁུལ་ཡོངས་སུ་ནོར་འབུམ་གཅིག་དང་ཁྲི་གཅིག་སྟོང་བདུན་དགུ་བརྒྱ་གསོ་ཁ་ནས་བུད་པ་དང་། ལུག་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བདུན་སྟོང་བཞི་བདུན་བརྒྱ་གསོ་ཁ་ནས་བུད་ཡོད་ལ། གཟན་རྩྭ་སྤྱི་ཆིང་སྟོང་དགུ་དང་བདུན་བརྒྱ་འདེབས་འཛུགས་བྱས་ནས་གཟན་རྩྭ་ཏུན་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔར་སླེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།