ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉིས་སྟོང་ཉེར་བཞི་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་འཚོའི་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་དང་རྒྱུ་སྤུས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།
2023.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་བསྡུས་ཏེ། ཉིས་སྟོང་ཉེར་བཞི་ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་ཀྱི་དམངས་འཚོའི་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་དང་རྒྱུ་སྤུས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས། སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོའི་ཐོན་རྫས་ཀྱི་རིན་གོང་གཏན་འཇགས་དང་རྒྱུ་སྤུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉིས་སྟོང་ཉེར་བཞི་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་འཚོའི་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་དང་རྒྱུ་སྤུས་འགན་སྲུང་བྱ་བའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ཏེ། རིན་གོང་གི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་དང་། དྲ་རྒྱའི་ཉོ་ཚོང་སྟེགས་བུའི་ལྟ་རྟོག་དོ་དམ། ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ། རྒྱུ་སྤུས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་པའི་བྱ་བ་གཙོ་བོ་བཞི་གཏན་འཁེལ་གསལ་བོ་བྱས། དམངས་འཚོའི་ཐོན་རྫས་ཀྱི་རིན་གོང་གཏན་འཇགས་དང་རྒྱུ་སྤུས་འགན་སྲུང་གི་ཆེད་དོན་ཞིབ་བཤེར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རིན་གོང་དང་རྒྱུ་སྤུས། ཟས་རིགས་བདེ་འཇགས་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཆམ་ཕབ་དྲག་པོ་བཏང་སྟེ། དམངས་འཚོའི་ཐོན་རྫས་གཙོ་བོའི་ཚོང་རའི་སྒྲིག་ལམ་གཏན་འཇགས་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིན་གོང་དང་རྒྱུ་སྤུས། ཟས་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ལྟ་ཞིབ་ཉེན་ཟོན་ལ་ཤུགས་སྣོན་པ་དང་། ས་ཁོངས་རང་གི་དཔལ་འབྱོར་ཚོགས་པར་རྩིས་བཤེར་གང་ལེགས་བྱས་ཏེ། ཟོལ་མེད་ཀྱིས་ལྟ་སྐུལ་དོ་དམ་གྱི་དུས་ཐོག་རང་བཞིན་དང་ཡང་དག་རང་བཞིན་མཐོར་འདེགས་བྱེད་དགོས། དམངས་འཚོའི་ཐོན་རྫས་གཙོ་བོའི་ལྟ་སྐུལ་དོ་དམ་གསལ་ཁྲའི་རིགས་ཆེན་པོ་བཞིའི་ཐོན་རྫས་རིགས་སྣ་རེ་དྲུག་གི་ཚོང་རའི་རིན་གོང་འགྱུར་ལྡོག་གཞིར་བཟུང་སྟེ། ཚོང་རའི་སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་བཏང་ནས། གང་འདོད་ཀྱིས་རིན་གོང་ཇེ་མཐོར་གཏོང་བ་དང་ངན་འབྲེལ་གཡོ་ཇུས་འཐེན་པ། གཏན་འཁེལ་ལྟར་རིན་གོང་གསལ་བོར་བཀོད་མེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་དགོས། མཇུག་མཐའི་ཤུགས་འདོན་དང་མཇུག་མཐར་ཕན་ནུས་ཐོན་པའི་བྱ་བའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཟས་རིགས་བདེ་འཇགས་ཀྱི་ས་ཁོངས་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ། ཟོལ་མེད་ཀྱིས་ཁྲིད་སྟོན་ཐེངས་གྲངས་དང་ཤུགས་ཚད་ཇེ་ཆེར་བཏང་ནས་གནད་ལ་འཁེལ་བའི་སྒོ་ནས་ཉེན་ཁ་སྔོན་འགོག་བྱེད་དགོས། ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཆེད་དོན་ལྟ་རྟོག་བྱེད་པའི་བྱ་འགུལ་སྤེལ་བར་རྩ་འཛུགས་དང་། ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་རྩད་གཅོད་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཕན་ནུས་ལྡན་པའི་སྒོ་ནས་ཐོན་རྫས་གཙོ་བོའི་རྒྱུ་སྤུས་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཞི་འཇགས་སུ་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།