ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུས་ཀྱི་དུས་རབས་གསར་བ་དང་།མཚོ་སྔོན་གསར་བ། རྒྱང་སྐྱོད་གསར་བ་ཞེས་པའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ་དང་པོ་ནས11བར། ཞིང་ཆེན་ཡོངས་ཀྱི་སྦྲགས་སྲིད་ལས་རིགས་ཀྱིས་སྐུར་སྐྱེལ་ལས་སྒོའི་ཚད་དུང་ཕྱུར1ལྷག་དང་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་ལྷག་ལེགས་འགྲུབ་བྱུང་བ་དང་། ལོ་སྔོན་མ་དང་བསྡུར་ན10%ལྷག་དང39%ལྷག་འཕར་ཡོད་ལ། ལས་སྒོའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས27%འཕར་ཡོད། དེའི་ཁྲོད། མྱུར་སྐྱེལ་ལས་སྒོའི་ཚད་དང་ལས་སྒོའི་ཡོང་འབབ་འཕར་ཚད་སོ་སོར55%ལྷག་དང53%ལྷག་ཡིན་པ་དང་། འཕར་ཚད་སོ་སོར་རྒྱལ་ཡོངས་ཀྱི་ཆུ་ཚད་ལས37%དང40%འཕར། སྔོན་དཔག་བྱས་ན་ལོ་ཧྲིལ་བོར་ཞིང་ཆེན་ཡོངས་ཀྱི་སྦྲགས་སྲིད་ལས་རིགས་ཀྱིས་སྐུར་སྐྱེལ་ལས་སྒོའི་ཚད་དང་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སོ་སོར་དུང་ཕྱུར1ལྷག་དང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་ལེགས་པར་འགྲུབ་ལ། ལོ་སྔོན་མ་དང་བསྡུར་ན11%དང37%འཕར་ཐུབ། ཞིང་ཆེན་ཡོངས་ཀྱི་སྦྲགས་སྲིད་མྱུར་སྐྱེལ་ལས་རིགས་དེ་རིམས་ནད་མ་བྱུང་གོང་གི་ཆུ་ཚད་དུ་རིམ་བཞིན་སླར་གསོ་བྱུང་ཞིང་། བསྐྱར་འཕར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུས་ཀྱིས་ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲལ་དོན་ཅུས་ལ་མཉམ་འབྲེལ་གྱིས་སྦྲགས་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་གཞི་རིམ་དྲ་ཚིགས་སྔོན་ལ་གཞུང་དོན་དུ་རྨས་སྐྱོན་བྱུང་བའི་ཉེན་ཚབ་གསོ་སྦྱོང་འཛིན་གྲྭར་ཞུགས་པར་སྐུལ་འདེད་བཏང་བ་དང་། མྱུར་སྐྱེལ་པ་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་འགན་སྲུང་ནང་ཞུགས་པའི་རྐྱེན་སྲོལ་དངོས་འབེབས་བྱས་ལ། མྱུར་སྐྱེལ་པ་གཞུང་དོན་དུ་རྨས་སྐྱོན་བྱུང་བའི་ཉེན་ཚབ་ནང་ཞུགས་པ་ཕལ་ཆེར་ཡོངས་ལ་ཁེབས་ཡོད།
དེ་དང་མཉམ་དུ། སྐྱེ་ཁམས་བརྟན་འཇགས་དང་ལས་རིགས་ཀྱི་ལྷད་མེད་ཐཱན་ཉུང་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ལྡན། ཚད་བརྒལ་ཐུམ་སྒྲིལ་དང་འགྱིག་ཤོག་སྦག་བཙོག་གཉིས་བཅོས་སྐྱོང་གང་ལེགས་བྱས་ཤིང་། གློག་རྡུལ་ཚོང་དོན་གྱིས་ཐེངས་གཉིས་པར་ཐུམ་སྒྲིལ་མི་བྱེད་པའི་ཚད98%ལ་སླེབས་པ་དང་། འཁོར་སྐྱོད་ཐུབ་པའི་མྱུར་སྐྱེལ་ཐུམ་སྒྲིལ་བེད་སྤྱོད་ཚད་ཁྲི8ལྷག་ལ་སླེབས་ཤིང་། ཕྱིར་བསྡུ་བསྐྱར་སྤྱོད་ཐུབ་པའི་ཤོག་སྒམ་ས་ཡ་ལྔ་འབུམ་དྲུག་ཁྲི་གསུམ་ཡོད་པ་དང་། འཁོར་སྐྱོད་ཐུབ་པའི་ཁུག་མ་འཁོར་རྒྱུག་བེད་སྤྱོད་བྱེད་པ་ཕལ་ཆེར་ཞིང་ཆེན་ནང་ཁུལ་ཡོངས་ལ་ཁེབས་པ་མངོན་འགྱུར་དང་། མྱུར་སྐྱེལ་དམིགས་ཚད་ལོངས་མེད་པའི་འགྱིག་ཤོག་ཐུམ་སྒྲིལ་དངོས་རྗས་ཕལ་ཆེར་དོར་ལ། མྱུར་སྐྱེལ་ཐུམ་སྒྲིལ་རྒྱུ་ཆ་ཇེ་ཉུང་དང་ཚད་ལྡན་ཅན། འཁོར་སྐྱོད་ཅན། གནོད་མེད་ཅན་གྱི་ཆུ་ཚད་མུ་མཐུད་མཐོར་འདེགས་དང་། ལས་རིགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དང་ལྷད་མེད་ལས་གཉེར། ལྷད་མེད་བཅོས་སྐྱོང་ནུས་པ་ཇེ་མཐོར་བཏང་། རང་ཞིང་གི་མྱུར་སྐྱེལ་ཐུམ་སྒྲིལ་གྱི་ལྷད་མེད་བཅོས་སྐྱོང་བྱེད་སྟངས་དེ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ས་གནས་འགྱིག་ཤོག་སྦག་བཙོག་བཅོས་སྐྱོང་གི་དཔེ་མཚོན་ཉམས་མྱོང་ལ་བདམས་ཐོན་བྱུང་།
མ་མཐའི་ཚད་སྲུང་བ་དང་བདེ་འཇགས་འགན་ལེན། སྐུར་སྐྱེལ་ཁྱབ་ཁོངས་ཀྱི་བདེ་འཇགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་། ཕྱོགས་ཡོངས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུ་ཡི་བྱ་བའི་བླང་བྱ་དངོས་འབེབས་བྱས་ནས། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་བདེ་འཇགས་ཐོན་སྐྱེད་ཀྱི་གཅིག་ཅན་བཅུ་ཡི་འགན་འཁྲིའི་གསལ་ཐོ་བཟོ་བ་དང་། སྐུར་སྐྱེལ་ཐབས་ལམ་བདེ་འཇགས་དོ་དམ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ལས་ཁུངས་བཞི་གསར་སྣོན་དང་། སྡེ་ཁག་བཅུ་གཉིས་མཉམ་འབྲེལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྦྲགས་རྫས་མྱུར་སྐྱེལ་གྱི་བདེ་འཇགས་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས།
ལྷ་མོ་འཚོས་བསྒྱུར།