རང་ཞིང་གིས་སྤུས་ཚད་མཐོན་པོ་དང་ཚད་གཞི་མཐོན་པོས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་མོ་བཏང་།
2023.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ12པའི་ཚེས27ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བ་མགོ་བརྩམས་པའི་ཚུན་ལ།    མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བའི་སྤྱིའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།  རིམ་པ་སོ་སོའི་དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་གིས་ཕན་འབྲས་བརྩོན་ལེན་བྱས་ཤིང་།   སྔ་མོ་ནས་འཆར་འགོད་དང་སྐུལ་འདེད་ཏན་ཏིག  དོན་འཁྱོལ་ནན་མོ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གོང་འོག་མཉམ་སྒུལ་དང་ཕན་ཚུན་མཐུན་སྦྱོར།   མཉམ་དུ་སྐུལ་འདེད་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས་པ་དང་།     ཁྱབ་བཤེར་ལས་སྒོའི་གོ་རིམ་དང་དུས་ཚོད་ལ་དམ་པོར་དམིགས་ནས་རིམ་པ་སོ་སོའི་ཁྱབ་བཤེར་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་ཁྱབ་བཤེར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ།   དུས་ཐོག་ཏུ་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་གྲ་སྒྲིག་བྱ་བར་སྐུལ་འདེད་བཏང་བ་དང་།    ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས་ཏེ་ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པ་སྤེལ་པར་བཀོད་སྒྲིག་བྱས།    ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་གཙོ་བོ་དང་འབྲེལ་ཡོད་དྲ་ཚིགས་ཀྱི་དྲིལ་སྒྲོག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ཀྱི་ལངས་གཟུགས་ཅན་གྱི་དྲིལ་སྒྲོག་རྣམ་པ་གྲུབ་པར་བྱས།    འགྲེམ་པང་དང་བརྡ་འཕྲིན་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ལས་རིགས་སོ་སོས་ཁྱབ་བཤེར་བྱ་བར་རྒྱུས་ལོན་དང་མཐོང་ཆེན།  རྒྱབ་སྐྱོར། མཐུན་སྦྱོར་བྱེད་པར་སྐུལ་འདེད་བཏང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་ཁྱབ་བཤེར་གཞུང་སྒྲུབ་ཁང་གི་གྲོན་དངུལ་འགན་སྲུང་བྱ་བའི་བརྡ་སྦྱོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་།  ནོར་སྲིད་གཏན་འབེབས་དང་ཁྱབ་བཤེར་བྱ་བའི་གོ་རིམ་ལྟར།    ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པའི་གྲོན་དངུན་སྔོན་རྩིས་སྒྲིག་བཟོ་བྱས་པ་དང་།  ཞིང་ཆེན་དང་གྲོང་ཁྱེར།    རྫོང་བཅས་རིམ་པ་གསུམ་གྱི་ཁྱབ་བཤེར་གྲོན་དངུལ་དོན་འཁྱོལ་བྱས་ཏེ་ཁྱབ་བཤེར་བྱ་བར་ནུས་ཡོད་ཀྱི་གྲོན་དངུལ་འགན་སྲུང་འདོན་སྤྲོད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།