དངོས་གོང་བརྟན་འཇགས་དང་སྤུས་ཚད་ལ་འགན་སྲུང་བྱས་ནས། ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཚོང་རའི་སྒྲིག་ལམ་ལ་ཁག་ཐེག་བྱས།
2023.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་སྔོན།  ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་གི་གྲོས་ཚོགས་བསྡུས་ནས། 2024ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་ཚིས་ཚོང་རྫས་གལ་ཆེན་གྱི་རིན་གོང་བརྟན་འཇགས་དང་སྤུས་ཚད་འགན་སྲུང་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།

དམངས་ཚིས་ཚོང་རྫས་གལ་ཆེན་གྱི་རིན་གོང་བརྟན་འཇགས་དང་སྤུས་ཚད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས2024ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམངས་ཚིས་ཚོང་རྫས་གལ་ཆེན་གྱི་རིན་གོང་བརྟན་འཇགས་དང་སྤུས་ཚད་ལ་འགན་སྲུང་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ནས། རིན་གོང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་དང་དྲ་རྒྱའི་ཉོ་ཚོང་སྟེགས་བུ་ལྟ་སྐུལ། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ། སྤུས་ཚད་བདེ་འཇགས་ལྟ་སྐུལ་བཅས་ལ་ཤུགས་སྣོན་པའི་བྱ་བའི་གཙོ་གནད་གཏན་ཁེལ་གསལ་བོ་བྱས་པ་དང་། དམངས་ཚིས་ཚོང་རྫས་ཀྱི་རིན་གོང་བརྟན་འཇགས་དང་སྤུས་ཚད་འགན་སྲུང་བྱེད་པའི་ཆེད་དོན་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་དེ། རིན་གོང་དང་སྤུས་ཚད། ཟས་རིགས་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་ནས། དམངས་ཚིས་ཚོང་རྫས་ཚོང་རའི་སྒྲིག་ལམ་བརྟན་བརླིང་ངང་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བཏང་།

ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིན་གོང་དང་སྤུས་ཚད། ཟས་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ལྟ་ཞིབ་སྔོན་བརྡར་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཁུལ་ནང་གི་ཚོང་གཉེར་གཙོ་གཞི་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་དུས་ཐོག་རང་བཞིན་དང་ཡང་དག་རང་བཞིན་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། དམངས་ཚིས་ཚོང་རྫས་ཀྱི་ལྟ་སྐུལ་གསལ་ཁྲའི་རིགས་ཆེན་པོ་བཞིའི་ཚོང་རྫས་རེ་དྲུག་གི་ཚོང་རའི་རིན་གོང་གི་འགུལ་རྣམ་ལྟར། ཚོང་རར་སྐོར་ཞིབ་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། རིན་གོང་ཇེ་མཐོར་གཏོང་བ་དང་རིན་གོང་ཐད་ཀྱི་མགོ་སྐོར་གཡོ་འཕྲུལ། གཏན་ཁེལ་རིན་གོང་གསལ་བོ་མི་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་རྒྱུ་རེད། ཟས་རིགས་བདེ་འཇགས་ཀྱི་ཁོངས་གཏོགས་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགན་ལེན་ལྟ་སྐུལ་བྱེད་ཚད་དང་ནུས་ཤུགས་ཆེར་སྐྱེད་དེ། ཉེན་ཁ་འགོག་སྲུང་གནད་ཕིགས་བྱེད་རྒྱུ་རེད། ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་ལྟ་ཞིབ་འཐེན་ཞིབ་བྱེད་པ་དང་། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བྱས་ནས། ཐོན་རྫས་གཙོ་བོའི་སྤུས་ཚད་བདེ་འཇགས་ཉེན་ཁར་འགོག་སྲུང་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།